བོད་དོན་རྒྱབ་སྐྱོར།

02/12/2011 21:21

 

དབྱིན་ཡུལ་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར།

 

བཀའ་ཁྲི་བློ་བཟང་སེང་གེ་མཆོག་ཐེངས་འདིར་དབྱིན་ཡུལ་དུ་ཕེབས་པ་དང་། དབྱིན་ཡུལ་ཕྱི་འབྲེལ་ཚན་པའི་ལས་བྱེད་དང་གྲོས་ཚོགས་འཐུས་མིར་མཇལ་འཕྲད་གནང་བ་དང་། དབྱིན་ཡུལ་གྲོས་ཚོགས་ནང་རིང་མིན་བོད་དོན་སྐོར་གླེང་སློང་གནང་རྒྱུ་ཡིན་པ་དང་། དེ་བཞིན་བོད་དོན་རྒྱབ་སྐྱོར་ཤུགས་ཆེན་ཡོད་སྐོར་གསུངས་ཡོད་པ་རེད།

ཟླ་འདིའི་ཚེས་ ༡ ཉིན་བཀའ་ཁྲི་བློ་བཟང་སེང་གེ་མཆོག་གིས་དེ་རྗེས་བཀའ་ཁྲི་མཆོག་གིས་དབྱིན་ཡུལ་དུ་རྟེན་གཞི་བྱས་པའི་བོད་དོན་རྒྱབ་སྐྱོར་གྱི་ཚོགས་པ་ལྔའི་སྐུ་ཚབ་འཐུས་མི་བཅུ་ཙམ་དང་མཇལ་འཕྲད་ཀྱིས་བོད་དོན་ངོ་སྤྲོད་གནང་བ་དང་སྦྲགས། རྒྱབ་སྐྱོར་ཚོགས་པས་བོད་དོན་དང་འབྲེལ་བའི་གནས་ཚུལ་ཁག་བོད་མིའི་སྒྲིག་འཛུགས་ལ་བརྡ་ལན་སྤྲོད་ཐུབ་ཚེ་དགེ་མཚན་ཡོད་སྐོར་དང་། སྤྱིར་རྒྱབ་སྐྱོར་ཚོགས་པའི་བོད་དོན་ཆེད་ལས་འགུལ་ཇི་འདྲ་ཞིག་སྤེལ་རུང་བོད་མིའི་སྒྲིག་འཛུགས་དང་གོ་བསྡུར་གནང་ཆོག་ཀྱང་མཐའ་མའི་ཐག་གཅོད་རྒྱབ་སྐྱོར་ཚོགས་པ་རང་ཉིད་ཀྱིས་གནང་དགོས་སྐོར་དང། དབྱིན་ཡུལ་ནང་བོད་དོན་རྒྱབ་སྐྱོར་ཚོགས་པ་རྣམས་ཕན་ཚུན་མཐུན་སྒྲིལ་ཐོག་ལས་གཞི་གཅིག་ཐོག་མཉམ་རུབ་ཀྱིས་ནུས་པ་སྤུང་ཐུབ་ཚེ་དགེ་མཚན་ཆེ་སྐོར་གསུངས་ཡོད་པ་རེད།

ཉིན་གུང་བཀའ་ཁྲི་མཆོག་གིས་དབྱིན་ཡུལ་ཕྱོགས་འགལ་ཚོགས་པའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ཀེ་རི་མེ་ཀར་ཐི་མཆོག་དང་མཇལ་འཕྲད་གནང། སྐབས་དེར་བཀའ་ཁྲི་མཆོག་གིས་བོད་ནང་གི་བོད་མི་ཚོས་རང་ལུས་མེར་སྲེག་བཏང་སྟེ་རྒྱ་ནག་གཞུང་ལ་ངོ་རྒོལ་བྱས་པ་དེ་ནི་བོད་མི་ཚོ་རྒྱ་ནག་གཞུང་གི་དམ་དྲག་ཅན་གྱི་སྲིད་བྱུས་འོག་འུ་ཐུག་ཐབས་ཟད་དུ་གྱུར་པ་ལས་གཞན་མི་སུ་འདྲ་ཞིག་ཡིན་རུང་བྱ་སྤྱོད་དེ་རིགས་སྤེལ་ཐབས་མེད་སྐོར་གསུངས་ཡོད་པ་རེད།

དེ་རྗེས་བཀའ་ཁྲི་མཆོག་གིས་དབྱིན་ཡུལ་ཕྱི་འབྲེལ་ལས་ཁུངས་ཀྱི་ལས་བྱེད་པ་ཁག་གཅིག་མཇལ་འཕྲད་ཀྱིས་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱིས་དབུ་མའི་ལམ་གྱི་ཐབས་ལམ་ཐོག་ནས་བོད་ཀྱི་གནད་དོན་སེལ་རྒྱུའི་ལངས་ཕྱོགས་བརྟན་པོ་འཛིན་བཞིན་ཡོད་པ་མ་ཟད།  དུས་རྟག་ཏུ་རྒྱ་ནག་གཞུང་དང་ལྷན་བོད་ཀྱི་གནད་དོན་སེལ་ཆེད་དབུ་མའི་ལམ་གྱི་ཐབས་ལམ་ཐོག་ནས་གྲོས་མོལ་བྱ་རྒྱུའི་གྲ་སྒྲིག་ཨང་གསར་ཡོད་སྐོར་སོགས་གསལ་བཤད་གནང་ཡོད་པ་རེད།

དེ་རྗེས་བཀའ་ཁྲི་མཆོག་གིས་བྷི་བྷི་སི་རྒྱ་ཡིག་ཚན་པའི་དྲ་ལམ་ཐོག་(BBCChinese.com)སྐར་མ་ ༤༠ རིང་དྲི་བར་ལན་འདེབས་གནང་ཡོད།  དེ་ནས་བཀའ་ཁྲི་མཆོག་གིས་དབྱིན་ཡུལ་དུ་གནས་སྡོད་བྱེད་བཞིན་པའི་བོད་མི་ཚོར་ཆུ་ཚོད་ ༢ ཙམ་རིང་གསུང་བཤད་དང་དྲི་བར་ལན་འདེབས་གནང་ཡོད།

བཀའ་ཁྲི་མཆོག་གིས་ཕྱི་༡༡ པའི་ཚེས་ ༣༠ ཕྱེད་ཡོལ་དུ་དབྱིན་ཇིའི་གྲོས་ཚོགས་འཐུས་མི་བཅུ་གཉིས་དང་མཇལ་འཕྲད་གནང་སྐབས་ཁོང་རྣམ་པས་བོད་དོན་ལ་རྒྱབ་སྐྱོར་གྱི་རྣམ་པ་ཤུགས་ཆེ་བསྟན་ཡོད་པ་མ་ཟད། རང་དབང་མང་གཙོ་ཚོགས་པའི་གྲོས་ཚོགས་འཐུས་མི་སྐུ་ཞབས་སི་མོན་ཧུ་ཇེ་སི་མཆོག་གིས་རིང་མིན་ཟླ་ ༡༢ ཚེས་ ༧ ཉིན་གྲོས་ཚོགས་སུ་བོད་ཀྱི་གནད་དོན་ཐོག་བགྲོ་གླེང་གནང་རྒྱུ་ཡིན་སྐོར་གསལ་བསྒྲགས་གནང་ཡོད་པ་རེད།

བཀའ་ཁྲི་མཆོག་ཐོག་མར་དབྱིན་ཡུལ་དུ་འབྱོར་བ་དང་། བྷི་བྷི་སི་གསར་འགོད་པ་མི་ཤལ་ཧུ་སེན་གྱིས་གཙོ་སྐྱོང་གནང་བའི་ཨིམ་པེག་ཨེ་ཤི་ཡ་(Impact Asia)ཞེས་པའི་ལས་རིམ་གྱི་ཆེད་དོན་དྲི་བར་ལན་འདེབས་གནང་བ་མ་ཟད། དབྱིན་ཇིའི་ཉིན་རེའི་གསར་ཤོག་སྡེ་ཊེ་ལི་གྷར་རབ་(The Telegraph)ཞེས་པའི་གསར་འགོད་པའི་དྲི་བར་ལན་འདེབས་ཀྱང་གནང་ཡོད།དབྱིན་ཡུལ་གྱི་ཕྱི་འབྲེལ་ལས་དོན་དང་འབྲེལ་བའི་དུས་དེབ་གཅིག་གི་གསར་འགོད་པའི་དྲི་བར་ལན་འདེབས་གནང་ཡོད།

Back

Search site

© 2012 All rights reserved. No information or images from this website can be copied or used for any purpose without permission from "KonchoK..com

དཀོན་མཆོག་བོད་རང་བཙན་དྲ་ཚིགས།