བོད་ཀྱི་རྒྱལ་དར་བསྒྲེངས་འཛུགས

06/02/2012 00:47

 

 

ཁམས་རྫ་སྨད་ཤང་དུ་བོད་ཀྱི་རྒྱལ་དར་བསྒྲེངས་འཛུགས།

ཟླ་འདིའི་ཚེས་ ༤ ཉིན་བོད་ཁམས་ཕྱོགས་རྫ་ཆུ་ཁའི་རྫ་སྨད་ཤང་ཐོག་གི་སློབ་གྲྭའི་རྒྱ་ནག་གི་རྒྱལ་དར་མར་ཕབ་ནས་བོད་ཀྱི་རྒྱལ་དར་བསྒྲེངས་འཛུགས་བྱས་པའི་གནས་ཚུལ་བྱུང་ཡོད་པ་རེད།

ཉེ་ཆར་བོད་མདོ་ཁམས་བྲག་འགོ་དང་གསེར་རྟ་སོགས་སུ་ཞི་རྒོལ་བྱུང་བ་ནས་བོད་ནང་དུ་རྒྱ་གཞུང་གིས་ཁ་པར་བརྒྱུད་ལམ་བཀག་འགོག་བྱས་ཡོད་པར་བརྟེན། ང་ཚོའི་ཕ་ཡུལ་མདོ་ཁམས་རྫ་ཆུ་ཁའི་ཕྱོགས་སུ་ཡང་ཁ་པར་གྱི་འབྲེལ་ལམ་བྱེད་ཐུབ་ཡོད་པ་མ་རེད། ཡིན་ནའང་། ཁར་ཉིན་ནས་རྒྱ་ནག་དང་ཕྱི་རྒྱལ་བརྒྱུད་ཕ་ཡུལ་ལ་ཁ་པར་འབྲེལ་བ་བྱུང་ནས་གནས་ཚུལ་གོ་བ་ལྟར་ན། ཟླ་འདིའི་ཚེས་ ༣ དང་ ༤ ཉིན་བཅས་སུ་རྫ་སྨད་དབོན་པོ་གྲོང་པའི་ནང་ལ་བོད་དོན་དང་འབྲེལ་བའི་ཡི་གེ་མང་པོ་གཏོར་འདུག ཡི་གེའི་ནང་དོན་སྔོན་མ་བཞིན་རེད་ཟེར་གྱི་འདུག ཡང་ཕྱི་ཚེས་ ༤ ཉིན་གྱི་ཞོགས་པར་གནས་ཚུལ་གསལ་པོ་གོ་ཐོས་བྱུང་བ་ཞིག་ལ། རྫ་སྨད་ཤང་ཐོག་ཏུ་རྫ་ཆུ་ཁའི་ཤང་ཁག་ལྔའི་སློབ་གྲྭ་ཞིག་ཡོད་པ་རེད། སློབ་གྲྭ་དེའི་ཁང་ཐོག་ཏུ་ནམ་རྒྱུན་ནས་རྒྱ་ནག་གི་རྒྱལ་དར་ཞིག་འཕྱར་ཡོད་པ་དེ་མར་ཕབ་ནས། དེའི་ཤུལ་ལ་བོད་ཀྱི་རྒྱལ་དར་ཞིག་ཡར་བསྒྲེངས་འདུག་ཟེར། ཡི་གེ་ཡང་མང་པོ་གཏོར་འདུག་ཟེར། དེ་ནས་དེ་རིང་གི་བར་ལ་ས་གནས་དེར་རྒྱ་དམར་སུམ་བརྒྱ་ལྷག་སླེབས་ཚར་འདུག ད་དུང་སེར་ཤུལ་རྫོང་ནས་དམག་འགྲོ་དགོས་རེད་ཟེར་གྱི་འདུག་ཟེར། ས་གནས་ལ་དམ་དྲག་ཤུགས་ཆེ་འདུག་ཟེར། ད་ལྟར་ང་ཚོས་བོད་ནང་ལ་ཁ་པར་འབྲེལ་བ་ཡག་པོ་བྱེད་ཐུབ་ཀྱི་མི་འདུག་ཅེས་འགྲེལ་བརྗོད་གནང་སོང་། །

Back

Search site

© 2012 All rights reserved. No information or images from this website can be copied or used for any purpose without permission from "KonchoK..com

དཀོན་མཆོག་བོད་རང་བཙན་དྲ་ཚིགས།