བོད་ཀྱི་འགལ་བ།

27/11/2008 02:29

ཡུ་རོབ་དང་རྒྱ་ནག་གི་བོད་ཀྱི་འགལ་བ།

འདོན་སྤེལ། ༢༠༠༨/༡༡/༢༧

བོད་དོན་ཐོག་ལྟ་ཚུལ་མ་མཐུན་པར་རྐྱེན་བྱས་ཏེ་རྒྱ་ནག་གཞུང་གིས་ཡུ་རོབ་མཐུན་ ཚོགས་མཉམ་སྐོང་རྒྱུའི་ཚོགས་ཆེན་ཐེངས་ ༡༡ པའི་སྟེང་ཞུགས་རྒྱུ་ཕྱིར་འཐེན་བྱས་པ་རེད་ཅེས་ཡུ་རོབ་མཐུན་ཚོགས་ཀྱི་ལས་སྣེ་ བ་དག་གིས་བརྗོད་ཡོད།

རྒྱ་ནག་དང་ཡུ་རོབ་མཐུན་ཚོགས་ཀྱི་ཐེངས་འདིའི་འགལ་བ་ནི་ཧྥ་རན་སིའི་སྲིད་འཛིན་སར་ཁོ་རྫེ་དང་ཡུ་རོབ་མཐུན་ཚོགས་ཀྱི་དབུ་ཁྲིད་གཞན་རྣམས་ཀྱིས་འཆར་ཟླའི་ནང་༧གོང་ས་མཆོག་ལ་མཇལ་འཕྲད་གནང་རྒྱུའི་འཆར་གཞི་འདི་ལ་ཐུག་ཡོད་འདུག་ལ། ཡུ་རོབ་མཐུན་ཚོགས་ཀྱིས་གསལ་བསྒྲགས་ཤིག་སྤེལ་བའི་ནང་དུ། ཡུ་རོབ་མཐུན་ཚོགས་ཀྱིས་ཡུ་རོབ་དང་རྒྱ་ནག་གི་ལྷན་ཚོགས་ཐེངས་ ༡༡ པའི་སྟེང་དུ་ཕུགས་བསམ་དང་ལྡན་པའི་གྲོས་གཞི་གྲ་སྒྲིག་བྱས་ཡོད་ཀྱང་། ཐེངས་འདིར་རྒྱ་ནག་གིས་བྱེད་ཕྱོགས་དེར་དོ་སྣང་དང་བློ་འགྱོད་བྱེད་གི་ཡོད་ཅེས་དང་། ཡུ་རོབ་མཐུན་ཚོགས་ཀྱིས་མུ་མཐུད་ནས་རྒྱ་ནག་མཉམ་དུ་འཐབ་བྱུས་ཡོད་པའི་གྲོགས་འབྲེལ་གོང་སྤེལ་ལ་འབད་བརྩོན་བྱེད་གི་ཡིན་ལ། ལྷག་པར་དུ་ད་ལྟའི་གོ་ལ་རང་བཞིན་གྱི་དཔལ་འབྱོར་དང་ནོར་སྲིད་ཀྱི་གནས་སྟངས་འདི་འདྲ་ཞིག་གི་ནང་དུ་ཡུ་རོབ་དང་རྒྱ་ནག་གི་བར་དུ་མཉམ་འབྲེལ་དམ་པོ་ཡོང་རྒྱུར་འབོད་སྐུལ་ཞུ་གི་ཡིན་ཅེས་བཤད་ཡོད་པ་རེད།

ཕྱི་ཚེས་ ༢༧ ཉིན་རྒྱ་ནག་གི་ཞིན་ཧྭ་གསར་ཁང་གིས་སྤེལ་དོན། རྒྱ་ནག་གཞུང་གིས་ཧྥ་རན་སིའི་སྲིད་འཛིན་སར་ཁོ་རྫེ་འཆར་ཟླའི་ནང་ཏཱ་ལའི་བླ་མར་ཐུག་འཕྲད་བྱེད་འཆར་ཡོད་པར་བརྟེན། རྒྱ་ནག་དང་ཡུ་རོབ་ཀྱི་ཚོགས་ཆེན་ཐེངས་ ༡༡ པའི་སྟེང་རྒྱ་ནག་མཉམ་ཞུགས་བྱེད་ཀྱི་མིན་པའི་ཐག་བཅད་པ་ཡིན་ཅེས་བཤད་ཡོད་པ་རེད།
རྒྱ་ནག་དང་ཡུ་རོབ་ཀྱི་མཐུན་ཚོགས་དེ་འཆར་ཟླ་ཚེས་ ༡ ཉིན་འཚོགས་རྒྱུའི་འཆར་གཞི་སྒྲིག་ཡོད་ཅིང་། རྒྱ་ནག་གི་སྲིད་བློན་ཝན་ཇ་པོ་ཐེངས་འདིའི་ཚོགས་ཆེན་སྟེང་ཞུགས་རྒྱུ་བྱས་ཡོད་པ་རེད།

རྒྱ་ནག་གི་ངོ་རྒོལ་ལ་མ་ལྟོས་པར། ཧྥ་རན་སིའི་སྲིད་འཛིན་གྱིས་ཏཱ་ལའི་བླ་མར་མཇལ་འཕྲད་གནང་རྒྱུའི་ཐག་གཅོད་དེར་འགྱུར་བ་བཏང་མེད་ཅེས་ཧྥ་རན་སིའི་སྲིད་འཛིན་གྱི་མགྲིན་ཚབ་པ་ཞིག་གིས་བྷི་བྷི་སི་གསར་ཁང་ལ་བརྗོད་ཡོད་པ་རེད།

༧གོང་ས་མཆོག་དང་ཧྥ་རན་སིའི་སྲིད་གཉིས་རྣམ་གཉིས་དང་། དེ་བཞན་ཡུ་རོབ་ཀྱི་དབུ་ཁྲིད་གཞན་རྣམས་ནི་འཆར་ཟླའི་ཚེས་ ༦ ཉིན་པོ་ལན་ཌིའི་ Gdansk གྲོང་ཁྱེར་དུ་ ༡༩༨༠ གྱ་གྲངས་དུ་དམར་ཕྱོགས་ངོ་རྒོལ་གྱི་མཐུན་ཚོགས་ལ་མགོ་ཁྲིད་མཁན་Lech Walesa ལ་ནོ་སྦེལ་ཞི་བདེའི་གཟེངས་སྟགས་ཕུལ་ཏེ་ལོ་ ༢༥ འཀོར་བའི་དུས་དྲན་མཛད་སྒོའི་སྟེང་ནས་མཇལ་འཕྲད་གནང་གི་ཡོད་པ་རེད།

རྒྱ་ནག་གིས་༧གོང་ས་མཆོག་རྒྱལ་སྤྱིའི་སྤྱི་ཚོགས་སྟེང་ནས་ཁེར་རྐྱང་དུ་འཕུད་པའི་བྱེད་ཐབས་འདྲ་མིན་སྤྱོད་གི་ཡོད་པ་མ་ཟད། ཏཱ་ལའི་བླ་མར་བོད་དོན་བཤད་པའི་ཐོབ་ཐང་མེད་ལུགས་ཀྱང་བཤད་གི་ཡོད་པ་རེད། དེ་ལྟར་ཡང་། བདུན་ཕྲག་གཅིག་གི་སྔོན་བཙན་བྱོལ་བོད་མིའི་སྤྱི་ཚོགས་དང་གཞིས་ལུས་བོད་མི་ཆིག་ཁྲི་ལྷག་གི་བསམ་ཚུལ་བསྡུས་པ་བརྒྱུད། བོད་དོན་སེལ་ཐབས་ཀྱི་ལམ་ཁ་ཡག་ཤོས་ནི་༧གོང་ས་མཆོག་གིས་བཏོན་པའི་དབུ་མའི་ལམ་ཡིན་པ་མ་ཟད། ༧གོང་ས་མཆོག་གིས་རྒན་ཡོལ་མི་གནང་བར་མུ་མཐུད་བོད་མི་རིགས་ཀྱི་འཐབ་རྩོད་ཀྱི་དབུ་འཁྲིད་དགོས་པའི་ཞུ་སྐུལ་བྱས་ཡོད་པ་རེད།

Back

Search site

© 2012 All rights reserved. No information or images from this website can be copied or used for any purpose without permission from "KonchoK..com

དཀོན་མཆོག་བོད་རང་བཙན་དྲ་ཚིགས།