བུ་མོར་ཕུལ་བ།

03/12/2009 16:59

བུ་མོར་ཕུལ་བ།


ཨ་རྡོར། བོད་ནང་།

            

རྟོག་བཏགས་ཀྱི་སྡེ།

 

འོད་སྣང་ཤིག་ཤིག  ལན་བུ་ཤིག་ཤིག

ཁྱོད་ཀྱི་ལུས་བདག་ལ་བསྩལ་རྗེས།

ངས་ད་དུང༌། སྦྱིན་པ་ཞིག་ཟེར་ཞོར་སྙིམ་པ་བསྲིངས་ན།

ཡིད་དུ་འོང་བའི་བུ་མོ། ད་ནི་ཁྱོད་ཀྱིས་ཐེ་ཚོམ་མི་བྱེད་པར།

དྲོད་ཀྱིས་བསྙལ་བའི་བརྩེ་དུང་གི་འོ་སྤྲི་སྟེར་བར་ཞུ།

 

མིག་རྩ་སྦྲང་མ་བཞིན་དུབ། མཆུ་སྒྲོས་ཉོན་མོངས་ལྟར་འཚུབ་བྱུང་ན།

ངས་རང་དབང་མེད་པར། ནུ་འབུར་ཇེ་མཁྲེགས་སུ་སོང་བའི་དམིགས་པ་བསྐྱེད་དེ།

ཁྱོད་ལུས་ཀྱི་འཇམ་མཉེན་རྣམས། གྲོན་ཆུང་དང་སེར་སྣའི་ངང༌།

ལོངས་སུ་སྤྱོད་ན་འདོད། ལོངས་སུ་སྤྱད་ན་འདོད།

 

འདི་ནི་ཁྱོད་ཡིན་པ། ཁྱོད་ཡིན་པ་གདོན་མི་ཟ་སྟེ།

རླུང་བུའི་དབྱངས་འགྲོས་ལས་འོང་བའི། སྲེད་ལྡན་མ།

ཆུ་བོའི་དྭངས་གསལ་སལ་འོང་བའི། གཡོ་འཕྲུལ་མ།

ད་དུང༌། ངའི་སེམས་རྩ་འཆིང་བྱེད་ཀྱི། དར་སྐུད་མ།

 

ཨོ། འོད་སྣང་ཤིག་ཤིག  ལན་བུ་ཤིག་ཤིག

        
                འཇིགས་དངངས་ཀྱི་སྡེ།

 

ཁྱོད་ཀྱི་སྙིང་ཁོང་གི་རླབས་ཕྲེང༌། ངས་དང་ལེན་བྱས་ཆོག

ཡིད་ལ་ཟུངས་ཤིག  ངའི་ཁ་མིག་དག་གོ་རིམ་མ་འཆོལ་བར།

བགྲང་བྱའི་ཐིག་ལེ་དེས་ཁྱོད་ཀྱི་སྐྲ་ལོ་མིད་དུས།

མེ་ལོང་དུ་ང་རང་ཤར་འདུག་པ་ཨེ་ཚོར།

བུ་མོ། ཁྱོད་ཀྱི་ཡིད་དུ་འཐད་པའི་ལུས་པོ་སྐྱ་ཐག་གེར།

བྲང་དང་བརླ། ད་དུང་མཚན་མ་དག

གོ་མཚོན་གྱི་ཚུལ་དུ་ལུས་ལ་བཏགས་འདུག་པས།

ང་སྐྲག་བྱུང༌།

ང་དངངས་སྐྲག་ཆེན་པོ་སྐྱེས་བྱུང༌།

 

ཁྱོད། རྣལ་འབྱོར་བའི་ལུས་ལ་འཁྱུད་པའི་འདོད་ལྡན་ཡིན་ནམ།

 

                   ཡིད་ཕམ་པའི་སྡེ།

 

ཕན་ཚུན་ལ་གཏད་པའི་ཆགས་པ། འཁྱགས་སོང༌།

ཕན་ཚུན་ལ་སྒོམ་པའི་སྙིང་རྗེ། རྙིང་སོང༌།

Back

Search site

© 2012 All rights reserved. No information or images from this website can be copied or used for any purpose without permission from "KonchoK..com

དཀོན་མཆོག་བོད་རང་བཙན་དྲ་ཚིགས།