བཤའ་བཅོས་ཆེན་པོ་

30/09/2009 13:28

བཤའ་བཅོས་ཆེན་པོ་ཞིག་བྱེད་རན་འདུག

                   བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༢༤༧
སྐབས་བཅུ་བཞི་པའི་སྤྱི་འཐུས་ཡོངས་རྫོགས་ཕྱིར་བསྡུ་བྱ་རྒྱུ་ལས་ཐབས་གཞན་མེད།
བོད་མི་མང་སྤྱི་འཐུས་ལྷན་ཚོགས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཚོགས་དུས་བརྒྱད་པ་དེ་ཉིད་ཚུལ་བཞིན་མཇུག་

བསྡོམས་ཐུབ་མེད་པ་དང༌། གནད་དོན་འདིར་ཕྱོགས་མང་པོ་ཞིག་ནས་བལྟས་ཡོང་བའི་སྐབས་གནས་ཚུལ་དེ་བློ་ཕམ་

དགོས་པའི་རང་བཞིན་ཞིག་ཏུ་གྱུར་ཡོད། དོན་རྐྱེན་དེ་བྱུང་བའི་འཕྲལ་རྐྱེན་ཧ་ཅང་ཆུང་ངུ་ཞིག་ཡིན་ནའང༌། མེ་

སྟག་གཅིག་གིས་རི་བོ་བསྲེག་པའི་དཔེ་དང་གཅིག་མཚུངས་སུ་གྱུར་སོང༌། གནད་དོན་འདིའི་ཐོག་ནས་ཤེས་ཐུབ་པ་

ནི་གྲོས་ཚོགས་ནང་ཕྱོགས་འཐེན་གྱི་ན་ཚ་ཛ་དྲག་ཅིག་ཡོད་པ་མངོན་གསལ་དུ་གྱུར་སོང་བ་དང༌། གནད་དོན་འདི་

སྐབས་བཅུ་གཅིག་པ་དང་བཅུ་གཉིས་པ། བཅུ་གསུམ་པ་ནས་བཅུ་བཞི་པའི་བར་རྡོ་ལག་བརྒྱུད་ལྟ་བུ་བྱས་ནས་བྱུང་བ་

ཞིག་ཀྱང་ཕལ་ཆེར་ཡིན་ཚོད་འདུག སྐབས་བཅུ་གསུམ་པའི་ཚོགས་དུས་བརྒྱད་པའི་ཐོག་དབུ་མའི་ལམ་ལ་བསྐྱར་ཞིབ་

ཕྱིར་འཐེན་དགོས་པའི་སྤྱི་འཐུས་སྒེར་གྱི་གྲོས་འཆར་ཞིག་སླེབས་པ་དང༌། སྐབས་དེ་དུས་གྲོས་ཚོགས་ནང་རྩོད་གླེང་གི་

རྣམ་པ་ཤུགས་ཆེན་པོ་མངོན་ཡོད་ལ། ད་ལྟ་སྐབས་བཅུ་བཞི་པའི་གྲོས་ཚོགས་ཚོགས་དུས་བརྒྱད་པ་འདིར་ཡང་སྤྱི་འཐུས་

སྒེར་གྱི་གྲོས་འཆར་ཞིག་སླེབས་ནས་གྲོས་ཚོགས་ཀྱི་ར་བ་དེ་འཁྲུག་ཆ་ཆེན་པོར་བསྒྱུར་ཡོད་པ་རེད། གང་ལྟར་རྒྱ་ཆེའི་མི་

མང་གི་ངོས་ནས་ཤེས་དགོས་པ་ཞིག་ལ་སྐབས་འདིར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་སྐབས་བཅུ་བཞི་པའི་སྤྱི་འཐུས་

རྣམས་ཀྱི་རང་མདོག་ངོ་མ་དེ་བསྟན་སོང་བ་དང༌། འགྲུབ་རྒྱུ་མེད་པའི་སྐད་ཆ་སྟོང་པ་ག་ཚོད་ཅིག་བཤད་ཀྱང་འགག་

ལ་ཐུག་དུས་ཁ་བཤད་ལས་ལག་ལེན་ལ་མེད་པ་ནི་ཧ་ཅང་གསལ་པོར་གྱུར་པ་རེད། འགྲེལ་བཤད་རྒྱག་བཅུག་ན་ཕྱོགས་

གཉིས་ཀར་རྒྱུ་མཚན་ཧ་ཅང་མང་པོ་རེ་བགྲང་རྒྱུ་ཡོད་པ་དང༌། ཁ་གཏད་ཀྱི་ངོས་ནས་མ་འགྲིག་པ་ལས་རང་ཕྱོགས་ལ་

ནོར་འཁྲུལ་སྤུ་ཙམ་ཡང་མེད་པའི་དག་སྐྱེལ་བྱེད་རྐྱང་ལས་ནོར་འཁྲུལ་ཁས་ལེན་བྱེད་ཕོད་མཁན་ཕལ་ཆེར་སུ་གཅིག་

ཀྱང་ཡོད་མི་སྲིད་མོད། དངོས་ཡོད་གནས་ཚུལ་ཐོག་དོན་རྐྱེན་འདི་ལ་བརྟེན་ནས་སྤྱི་ཚོགས་ནང་དཀའ་ངལ་མང་དག་

ཅིག་བཟོས་ཡོད་ལ། དགྲ་དགའ་གཉེན་སྡུག་གི་གནས་ཚུལ་ཚབས་ཆེན་ཞིག་ཏུའང་གྱུར་ཡོད་པ་རེད།  རྩོད་གླེང་ཆེ་བའི་

སྤྱི་འཐུས་སྒེར་གྱི་གྲོས་འཆར་དེའི་རྒྱབ་སྐྱོར་གནང་མཁན་དབུས་གཙང་སྤྱི་འཐུས་ཚེ་རིང་སྒྲོལ་མ་ལགས་ཀྱིས་གྲོས་ཚོགས་

གྲོལ་བའི་རྗེས་གསར་འགྱུར་གྱི་བརྒྱུད་ལམ་ཁག་ཏུ་གྲོས་ཆོད་ཕྱིར་འཐེན་བྱེད་རྒྱུའི་རྩིས་མེད། མ་འོངས་པར་ཕྱི་ཟླ་གསུམ་

པའི་ནང་ཡིན་ནའང་མུ་མཐུད་དུ་གྲོས་འཆར་དེ་འཁྱེར་ཡོང་གི་རེད་ཅེས་བརྒྱུད་བསྒྲགས་གནང་ཡོད་པར་བརྟེན། དེའི་

ལྡོག་ཕྱོགས་སུ་ཡོད་པ་རྣམས་ཀྱིས་ཀྱང་དེ་དང་མཚུངས་པའི་གདོང་ལེན་མུ་མཐུད་དུ་བྱེད་ངེས་སུ་གྱུར་ཡོད་པ་རེད། དེར་

བརྟེན་མུ་མཐུད་༢༠༡༡ ལོའི་ཟླ་༦ པའི་ཚེས་༡ བར་ཕན་མེད་ཀྱི་རྩོད་གླེང་མང་པོ་ཞིག་གིས་སྤྱི་ཚོགས་ལ་བརྡབ་གསིག་མི་

འབྱུང་བ་དང༌། ྋགོང་ས་མཆོག་གི་ལྷ་དགོངས་འཁྲུགས་གཞིར་མི་འགྱུར་བའི་ཐབས་ལམ་ཡག་པོ་ཞིག་འཚོལ་དགོས་པ་

དེ་སྐབས་སུ་བབ་པའི་བྱ་བ་ཧ་ཅང་གལ་ཆེན་པོ་ཞིག་རེད། ད་ལྟའི་ཆར་ཐབས་ལམ་ཡག་ཤོས་ནི་བོད་མི་མང་སྤྱི་འཐུས་

ལྷན་ཚོགས་སྐབས་བཅུ་བཞི་པ་དེ་བཅའ་ཁྲིམས་དོན་ཚན་ང་བདུན་པའི་ནང་གསེས་དང་པོ།རྒྱལ་ཁབ་དང༌། མང་ཚོགས་

ཀྱི་ཁེ་ཕན་ཆེད་བཅའ་ཁྲིམས་འདིའི་དོན་ཚན་ཁག་ནང་གསལ་ལྟར་ྋགོང་ས་ྋསྐྱབས་མགོན་ཆེན་པོས་བཀའ་ཤག་

དང༌། ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བ། སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་དང༌།   ཚོགས་གཙོ་

གཞོན་པ་བཅས་བཀའ་བསྡུར་བསྐྱངས་རྗེས་སྤྱི་འཐུས་ལྷན་ཚོགས་གནས་སྐབས་བར་མཚམས་འཇོག་པའམ། འཕོ་འགྱུར་

གནང་འཐུས།ཞེས་གསལ་པོ་འཁོད་པ་བཞིན། བཅའ་ཁྲིམས་ནང་སྤྱི་འཐུས་ལྷན་ཚོགས་འཕོ་འགྱུར་གཏོང་རྒྱུའི་ཆ་རྐྱེན་

ཡོད་པ་དེ་ཕྱག་བསྟར་ངེས་པར་དུ་གནང་དགོས་པའི་དུས་ལ་བབ་ཡོད།

གོ་སྐབས་འདི་བརྒྱུད་ནས་ད་ལྟའི་སྤྱི་འཐུས་ལས་ཐོག་པ་གཅིག་ཀྱང་མི་སླེབས་པར་མི་མང་གིས་ཕྱོགས་དེ་གཉིས་སུ་མ་

ལྷུང་བའི་གསར་པ་གསར་རྐྱང་ཞིག་འདེམས་ཐུབ་ན་ཡག་ཤོས་སུ་གྱུར་པ་རེད། དཔེར་ན་དུག་དང་འདྲེས་པའི་ཁ་ཟས་

ཤིག་མུ་མཐུད་དུ་ཟོས་ན་འཆི་རྒྱུ་ལས་མེད་པས། དེ་ལས་ཟས་ལྷག་དུག་ཅན་དེ་བཤོས་ནས་སྣོད་གཙང་མ་བཟོ་དགོས་

པ་དང༌། ཞིམ་མངར་ཅན་གྱི་ཁ་ཟས་གསར་པ་ཞིག་གཡོས་སྦྱོར་བྱེད་ཐུབ་ན་སྤྱི་འཐུས་ནང་གི་ཕྱོགས་ཞེན་གྱི་ནད་རྙིང་

དེ་དྲག་སྐྱེད་ཡོང་སྲིད་པ་མ་ཟད། དེ་ལ་བརྟེན་ནས་སྤྱི་ཚོགས་ནང་དུའང་གླེང་རྙོག་མི་ཡོང་བར་ཕན་ཐོགས་ཆེན་པོ་ཡོད་

ངེས་སྙམ།།

Back

Search site

© 2012 All rights reserved. No information or images from this website can be copied or used for any purpose without permission from "KonchoK..com

དཀོན་མཆོག་བོད་རང་བཙན་དྲ་ཚིགས།