བརྩེ་བའི་སྤུན་ཟླ་རྣམ་པ།

23/11/2008 00:03

ཚང་མས་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུངས་ཤིག་དང་། ངས་ཁྱེད་ཅག་ལ་སེམས་ཀྱི་འཆར་སྒོ་འགའ་བརྗོད་འདོད་སྐྱེས། ད་ཐེངས་ཀྱི་དམིགས་བསལ་ཚོགས་ཆེན་འདིའི་སྔ་རྗེས་ཀྱི་གནས་ཚུལ་ཁག་ཅིག་ལ་དཔྱད་ན། ང་རང་ཚོ་བཙན་བྱོལ་དུ་འབྱོར་ནས་མི་ལོ་ལྔ་བཅུ་སོང་བའི་རྗེས། གཞི་ནས་རྒྱལ་སྤྱིའི་ཆབ་སྲིད་སྡིངས་ཆའི་རྒྱལ་སྤྱིའི་གནས་ཚད་ལྡན་པའི་སྲིད་དོན་གྱི་ཡོ་ལང་རླབས་ཆེན་ཞིག་བརྩམས་སོང་སྙམ་པའི་སྤོབས་པ་སྐྱེས། གཟིགས་དང་། ༸རྒྱལ་བ་ཐམས་ཅད་མཁྱེན་པའི་བཀའ་དགོངས་བཞིན་ཚོགས་འདུ་ཚོགས། ༸གོང་ས་ཆེན་པོ་ཚོགས་མགོན་དུ་ཆིབས་སྒྱུར་ཞབས་སོར་འཁོད་མེད་ལ། དམིགས་བསལ་ཚོགས་ཆེན་ལ་ཆེད་དུ་དམིགས་པའི་གསུང་འཕྲིན་ཡང་བསྩལ་མེད། ཕྱོགས་མཚུངས་བཀའ་བློན་ཁྲི་བས་དབུས་པའི་བཀའ་བློན་རྣམས་ཀྱང་ཚོགས་འདུར་ཆེ་བསྟོད་ཆེད་ཕེབས་བཅར་ཙམ་ལས་དགོངས་འཆར་གང་ཡང་གསུངས་མེད། འཛམ་གླིང་གི་ཡུལ་གྲུ་བཅུ་བཞི་ཙམ་ནས་མཁྱེན་ལྡན་བོད་མི་དྲུག་བརྒྱར་ཉེ་བ་བཞུགས་སྒར་དུ་འཛོམས་པ་དང་། རྒྱལ་སྤྱིའི་འཕྲིན་ལམ་ཁག་ནས་ཐུགས་སྣང་ཆེན་པོ་གནང་། ཧ་ཅང་ཡག་པོ་རེད། སྲིད་དོན་གྱི་གནང་སྟངས་འདི་འདྲ་རེད། དམངས་གཙོའི་འགྲོ་སྟངས་འདི་འདྲ་རེད།
ད་རེས་ཀྱི་ཚོགས་ཆེན་འདིའི་ཐོག་ནས་ང་ཚོས་གསལ་བོར་མཐོང་ཐུབ་པ་ནི། ༸གོང་ས་མཆོག་གིས་དབུ་ཁྲིད་པའི་བཙན་བྱོལ་བོད་གཞུང་དམངས་གཉིས་ཀྱི་སྟོབས་ཤུགས་ངོ་མ་མཐོང་ཐུབ་ལ། བཙན་བྱོལ་བོད་གཞུང་གི་མཛད་གཙོ་རྣམ་པའི་དམངས་གཙོའི་ལེགས་བྱང་དང་སྲིད་དོན་གྱི་རྣམ་དཔྱོད་དང་ཐུགས་སྟོབས་ཀྱང་མཐོང་ཐུབ། ངོ་མ་དགའ་སྤོབས་སྐྱེ་དགོས་པ་ཞིག་རེད། ད་ཐེངས་ཀྱི་དམིགས་བསལ་ཚོགས་ཆེན་འདིས་ང་ལ་སྤོབས་པ་དང་བློ་སྒོ་གསར་བ་བྱིན་པ་དང་། ད་ནི་བོད་དོན་བདེན་མཐའ་གསལ་བར་ངོ་མ་ཐག་རིང་བོ་མ་རེད་སྙམ་པའི་དགའ་སྣང་ཞིག་རང་བཞིན་གྱིས་བརྟས་ཏེ་མཚན་མོ་གཉིད་ཀྱང་མི་ཁུག་པར་གྱུར། དམིགས་བསལ་ཚོགས་ཆེན་འདིས་བོད་མི་ཚང་མར་ཡིག་རྒྱུགས་ཐེངས་གཅིག་བཏང་བ་དང་། ཡིག་རྒྱུགས་ཡག་ཐག་ཆོད་འཕྲོད་སོང་བའི་མགུ་བ་སྐྱེས། ཚོགས་འདུའི་ཐོག་བགྲོ་གླེང་དང་གྲོས་ཆོད་ཅི་ཡོང་གལ་ཆེན་པོ་ལོས་ཀྱང་ཡིན་ཏེ། ཚོགས་ཆེན་བསྡུ་སྐོང་གནང་བ་ཁོ་རང་དུས་ཚོད་དང་གནས་བབ་གང་གི་ཆ་ནས་ལོ་རྒྱུས་ཀྱི་དོན་སྙིང་རླབས་ཆེན་ལྡན་པ་ཡིན།
ད་ནི་ང་ཚོ་ལ་གདམ་ཀ་མང་བོ་ཡོད་ལ། གདམ་ཀ་གང་འདྲ་ཞིག་ལ་བསྟེན་ན་འང་བོད་དོན་བདེན་མཐའ་གསལ་བའི་རེ་བ་ཡོད། ང་ཚོ་མུ་མཐུད་དུ་དབུ་མའི་ལམ་དུ་བསྐྱོད་ཆོག་ལ། ང་ཚོ་རང་བཙན་གཙང་མ་དོན་དུ་གཉེར་བའི་ལམ་དུའང་བསྐྱོད་ཆོག དེ་བཞིན་དུ་རང་ཐག་རང་གཅོད་དང་། བདེན་པའི་ཨུ་ཚུགས་ཀྱི་ཐབས་ལམ་གང་ལ་བསྟེན་ཀྱང་ལམ་ཁ་ཡོད་ཡོད་པ་ཡིན། ལམ་ཁ་འགག་མེད་ལ་འགོག་ཐུབ་མཁན་མེད།
ཚིག་བརྒྱ་མདོར་དྲིལ་ནས་བཤད་ན། ད་ཕན་ང་རང་ཚོས་ལྷག་བསམ་རྣམ་དག་གིས་བོད་རྒྱ་གཉིས་ཞི་འགྲིག་གིས་འཆམ་མཐུན་མཉམ་གནས་ཡོང་ཐབས་འབའ་ཞིག་གི་ཆེད་འབད་བརྩོན་ཡོད་རྒུ་རྩལ་དུ་སྤྲུགས་ཏེ་མཐུན་རྐྱེན་བསྒྲུབས་ཤིང་འགལ་རྐྱེན་སེལ་ཐབས་གནང་ཡང་། རྒྱ་དམར་དབང་འཛིན་པས་ང་ཚོ་རང་བཙན་གཙང་མའི་ཕྱོགས་སུ་འགྲོ་རྒྱུའི་མཐུན་རྐྱེན་ནམ་ཁོར་ཡུག་ཆ་ཚང་བསྐྲུན་ཚར་ཡོད་པས། མ་འོངས་པའི་རྒྱལ་ཁ་ནི་ང་ཚོའི་ཕྱོགས་སུ་ཡོད།
དཔེ་གཅིག་བཞག་ན། ཕྱི་ལོ་ ༢༠༠༢ ནས་ཕྱི་ལོ་ ༢༠༠༨ བར་བོད་རྒྱ་གཉིས་བར་འབྲེལ་མོལ་ཐེངས་བརྒྱད་བྱུང་ཡང་གྲུབ་འབྲས་གང་ཡང་མ་སོན་པའི་ལན་རྩ་རྒྱ་དམར་དབང་འཛིན་པ་ཁོ་རང་ཚོ་ཡིན་པས། ཁོ་བ་ཚོ་ཉེས་ཐོག་ཉེས་བརྩེགས་དང་། ང་རང་ཚོ་བདེན་ཐོག་བདེན་བརྩེགས་ཡིན་པས་འདིའི་ནུས་པ་ནི་བསམ་གྱིས་མི་ཁྱབ་པ་ཞིག་ཡིན།
ད་དུང་བརྗོད་རྒྱུ་མང་ཡང་རེ་ཞིག་དེ་ཙམ་གྱིས། ཡང་ནམ་ལངས་གྲབས་འདུག ཡང་བསྐྱར་མཇལ་ཡོང་། ཚང་མ་སྐུ་ཚེ་རིང་བའི་སྨོན་ལམ་འདེབས། བསམ་དོན་འགྲུབ་པའི་སྨོན་ལམ་འདེབས། བཀྲ་ཤིས་བདེ་ལེགས།

Back

Search site

© 2012 All rights reserved. No information or images from this website can be copied or used for any purpose without permission from "KonchoK..com

དཀོན་མཆོག་བོད་རང་བཙན་དྲ་ཚིགས།