ཕྱི་ཟླ་གཉིས་པ།

12/07/2009 20:21

ཕྱི་ཟླ་གཉིས་པ།

 ལྷ་སའི་བར་སྐོར་དུ་ཉེན་རྟོག་པས་བོད་མི་ཞིག་དམར་གསོད།

 འདི་གར་གནས་ཚུལ་འབྱོར་བ་ལྟར་ན། ཁམས་འབྲི་རུ་རྫོང་པད་དཀར་ཤང་ནས་ཡིན་པའི་བོད་མི་ལོ་ན་༢༢ སོན་པ་

ཞིག་ལྷ་སར་མཆོད་མཇལ་དུ་ཕྱིན་སྐབས།བར་སྐོར་ནང་རྒྱ་གཞུང་གི་ཉེན་རྟོག་པ་བོད་རིགས་གཉིས་ཀྱིས་བཟུང་ནས་སྐེ་

ལ་བཏགས་པའི་ྋགོང་ས་མཆོག་གི་སྐུ་པར་བཙན་འཕྲོག་གིས་རྡོག་རྫིས་གཏོང་དགོས་པའི་བཙན་བཀའ་བཏང༌། ཁོང་

གིས་ང་ཚོ་བོད་པ་ཡིན་པས་དེ་འདྲ་བཤད་མཁན་རྒྱ་རིགས་ཤིག་ཁྲིད་ཤོག་ཅེས་བརྗོད་པས་རྒྱ་རིགས་ཉེན་རྟོག་པ་ཁག་

ཅིག་ཡོང་ནས་སྐུ་པར་རྡོག་རྫིས་ཐོང་ཞེས་བརྗོད་སྐབས།   བོད་མི་དེས་རྒྱ་རིགས་ཉེན་རྟོག་པ་ཞིག་གི་མགོར་གྲིས་བརྒྱབ་

སྟེ་རྨས་སྐྱོན་ཆེན་པོ་བཏང་ཡོད་འདུག་པ་དང༌། དེ་མ་ཉིད་དུ་ཉེན་རྟོག་པས་མེ་མདའ་བརྒྱབ་སྟེ་ཁོང་བསད་ཡོད་འདུག།


 བོད་མི་སྐྱབས་བཅོལ་བའི་ལམ་ཁའི་དཀའ་ངལ།

ཉེ་ཆར་བོད་ནས་རྒྱ་གར་དུ་སྐྱབས་བཅོལ་དུ་ཕེབས་མཁན་གསར་འབྱོར་ཁག་གཅིག་ལ་ལམ་བར་དུ་བལ་པོའི་མཐའ་སྲུང་

དམག་མིས་རྡུང་རྡེག་དྲག་པོ་བཏང་ཡོད་པ་མ་ཟད། འཛིན་བཟུང་དང་བཅའ་དངོས་འཕྲོག་བཅོམ་བྱས་ཡོད་འདུག   ཟླ་༡

ཚེས་༣༡ ཉིན་བལ་ཡུལ་སྣེ་ལེན་ཁང་དུ་འབྱོར་ཡོད་པའི་གསར་འབྱོར་བ་ཁག་ཅིག་གིས་གསུངས་དོན། ཁོང་ཚོ་མཉམ་དུ་

མི་༢༣ ཡོད་པ་དང་མི་རེས་ལམ་ཁྲིད་ལ་རྒྱ་སྒོར་༦༠༠༠ རེ་དང་ཁག་ཅིག་གིས་༥༠༠༠ སྤྲད་ནས་ཤར་ཁུམ་བུ་བརྒྱུད་བལ་

ཡུལ་དུ་ཡོང་སྐབས་ལམ་ཁྲིད་བོར་བརླགས་སོང་སྟབས་མི་༡༩ བལ་ཡུལ་མཐའ་སྲུང་དམག་མིས་འཛིན་བཟུང་དང་བཅའ་

དངོས་འཕྲོག་བཅོམ་བྱས་འདུག དེ་དག་ལས་ཁམས་དཀར་མཛེས་ནས་མི་༦ དང༌། ནག་ཆུ་ནས་༢ ཨ་མདོ་ནས་མི་༡༡

ཡིན་པ་རེད། ཆུང་ཤོས་ལོ་༡༢ དང་ཆེ་ཤོས་ལོ་༣༠ རེད་འདུག  ཁོང་ཚོ་ཚང་མ་ལོ་ཆུང་ཤ་སྟག་ཡིན་པ་དང་ལམ་བར་དུ་

སྲོག་ཉེན་ལ་མ་འཛེམས་པར་ཡོང་དགོས་དོན་ནི། རང་ཡུལ་དུ་རང་དབང་མེད་པ་དང༌། གྲྭ་པ་ཡིན་ན་ཆོས་སྒྲུབ་པའི་

རང་དབང་མེད་པ་དང༌། ཞིང་པ་ཚོར་ཞིང་ཁ་རུ་རྩྭ་བཏབ་བཅུག་ནས་ཞིང་ལས་བྱེད་རྒྱུ་རང་དབང་མེད་པ་རེད། ཕལ་

མོ་ཆེ་ལ་སློབ་སྦྱོང་གི་གོ་སྐབས་ཐོབ་མེད་སྟབས་སློབ་སྦྱོང་བྱེད་རྒྱུ་དང་ྋགོང་ས་མཆོག་གི་གསེར་ཞལ་མཇལ་དུ་ཡོང་བ་

ཡིན་ཟེར།     བུ་མོ་གཅིག་དང་ཕྲུ་གུ་ཆུང་ཆུང་ཞིག་ཡོད་པ་དེ་གཉིས་པོ་ཕུད་པའི་མི་ཚང་མ་ཆུ་ཚོད་གསུམ་ཙམ་རིང་

བལ་པོའི་དམག་མིས་རྡུང་རྡེག་དྲག་པོ་བཏང་ནས་མང་པོ་ཞིག་གི་མགོ་ལུས་ཡོངས་རྫོགས་སྐྲངས་ནས་ནད་པ་ཆགས་

འདུག     ལག་བརྡ་བྱས་ནས་བལ་ཡུལ་དུ་ཡོང་མི་ཆོག་པ་དང་གལ་ཏེ་ཡོང་ན་མེ་མདའ་བརྒྱབ་ནས་གསོད་རྒྱུ་ཡིན་

ཚུལ་གྱིས་དམག་མི་བཅོ་ལྔས་ཁྲིད་ནས་བོད་ཀྱི་མཐའ་མཚམས་བར་དུ་བསྐྱལ་འདུག དེ་ནས་སླར་ཡང་ལམ་ཁྲིད་ཤར་

པ་གཉིས་ལ་ཐུག་ནས་བལ་ཡུལ་སྣེ་ལེན་ཁང་དུ་འབྱོར་ཡོད་པ་རེད། དེ་དག་ལས་ཁམས་ཏྲེ་ཧོར་ནས་ཡིན་པའི་གྲྭ་པ་

ཞིག་ཕྱི་ཟླ་གསུམ་པའི་ནང་འགྲམ་བར་དུ་ཡོང་ནས་དེར་བོད་མི་ཞིག་གིས་དམག་མིར་རྩིས་སྤྲོད་ཀྱིས་འཛིན་བཟུང་

བྱས་ནས་གཞིས་རྩེ་བཙོན་ཁང་དུ་ཟླ་བ་༩ཉར་རྗེས་སུ་གློད་བཀྲོལ་བྱུང་མཚམས་སླར་ཡང་ཤར་ཁུམ་བུ་བརྒྱུད་བལ་ཡུལ་

དུ་འབྱོར་འདུག ཁོང་གིས་གསུང་དོན། གཞིས་རྩེ་བཙོན་ཁང་དུ་བཙོན་པ་ཉིས་བརྒྱ་དང་སུམ་བརྒྱའི་བར་རྒྱུན་གནས་

དང༌། ཚང་མ་བོད་ནས་རྒྱ་གར་དུ་ཡོང་མཁན་དང་རྒྱ་གར་ནས་ཕྱིར་བོད་ལ་སོང་བ་ཤ་སྟག་ཡིན་པ་རེད། གསར་པ་

རྣམས་ཐོག་མར་ལག་ལྕགས་བརྒྱབ་ནས་ཁེར་རྐྱང་ནག་བཙོན་ལ་འཇོག་པ་དང༌། དེ་ནས་རིམ་པས་ཞིང་ལས་དང་

བཙོན་ཁང་གསར་རྒྱག་གི་རྡོ་དང་ཕྱེ་མ་དབོར་འདྲེན། གཞིས་རྩེ་གྲོང་ཚོའི་སྒེར་གྱི་གསང་སྤྱོད་རྣམས་ཉོས་ནས་གྲྭ་

བཙུན་ཡིན་ཚེ་གསང་སྤྱོད་ནས་བཙོག་པ་ཞིང་ཁར་དབོར་བཅུག་གི་ཡོད་པ་རེད་ཟེར། ཉིན་གཅིག་ལ་ཟས་དུས་གཉིས་

ལས་མེད་པར་ཞོགས་པར་རྩམ་པ་རྡོ་ཧྲུག་འདྲེས་པ་ཞིག་དང༌། དགུང་མོར་ཐུག་པ་ཞིག་ཡོད་པ་རེད། ད་དུང་རྒྱ་མིས་

དེར་སྣེ་ལེན་ཁང་ཞེས་བཏགས་ནས་ཀྲུང་གོ་བཀའ་དྲིན་ཆེན་པོ་ཡིན་པ་དང་ཁང་པ་དང་ཟས་གོས་རིན་མེད་ཐོག་

གནང་གི་ཡོད་སྐོར་བཤད་ཀྱི་ཡོད་པ་རེད་ཟེར།། བལ་ཡུལ་གསར་འགོད་པས།

ཡིད་སྐྱོ་བའི་གནས་ཚུལ།

སྔ་འགྱུར་བསྟན་པའི་མངའ་བདག་སྨིན་གླིང་ཁྲི་ཆེན་རིན་པོ་ཆེ་ཟླ་འདིའི་ཕྱི་ཚེས་༩ ཉིན་གྱི་དགོང་མོ་ཆུ་ཚོད་བདུན་

དང་ཕྱེད་ཙམ་གྱི་དུས་སུ་སྐུ་གཤེགས་པའི་གནས་ཚུལ་ཐོན་ཡོད་པ་དང༌།    ཕྱི་ཟླ་༢ པའི་ཚེས་༡༢ ཉིན་གྱི་སྔ་དྲོ་བོད་

གཞུང་གི་མཛད་གཙོ་རྣམ་པས་དབུས་གཞུང་ཞབས་ལས་བྱེད་པ་རྣམས་ཀྱིས་གངས་སྐྱིད་གསོལ་ཐབ་ཁང་གི་ཡང་སྟེང་

དུ་མཆོད་འབུལ་སྨོན་ལམ་ཞུས་ཡོད་པ་དང༌།       ཉིན་དེར་བོད་གཞུང་ལས་ཁུངས་མ་ལག་དང་བཅས་པས་ཉིན་

གཅིག་རིང་མྱ་ངན་གུས་འདུད་ཀྱི་ཆེད་དུ་ལས་མཚམས་བཞག་ནས་གུང་སེང་གནང་ཡོད་པ་རེད། དེ་བཞིན་སྨིན་

གྲོལ་གླིང་གི་གཙོས་སྔ་འགྱུར་གྱི་ཆོས་སྡེ་ཁག་ཏུ་དགོངས་རྫོགས་མཆོད་འབུལ་ཞུ་བཞིན་ཡོད་པ་རེད། ྋསྨིན་གླིང་

ཁྲི་རབས་བཅུ་གཅིག་པ་འགྱུར་མེད་ཀུན་བཟང་དབང་རྒྱལ་མཆོག་ནི། ཡབ་རྗེ་ྋཁྲི་རབས་བཅུ་པ་འགྱུར་མེད་དོན་

གྲུབ་དབང་རྒྱལ་དང་ཡུམ་རྒྱལ་བའི་ཡབ་གཞིས་དྭགས་པོ་གྲོང་པའི་ལྕམ་ཟླ་བ་སྒྲོལ་མ་གཉིས་ཀྱི་རིགས་ཀྱི་སྲས་སུ་

ངོ་མཚར་བའི་རྟགས་དང་བཅས་རབ་རྒྱལ་༡༩༣༠ ལོ་ལྕགས་ལུག་ཟླ་༡ ཚེས་༡༨ ཉིན་སྐུ་བལྟམས། ཆུང་ངུ་ནས་སྔོན་

གྱི་བག་ཆགས་བཟང་པོས་དམ་པའི་རིགས་སད་པའི་མཐུས་འབྲི་ཀློག་སོགས་ཚེགས་མེད་པར་མཁྱེན་ཅིང༌། རྡོར་

འཛིན་བདེ་ཆེན་ཆོས་འཛིན་སོགས་གདན་སའི་རྡོར་སློབ་རྣམས་ཀྱི་མདུན་ནས་རང་ལུགས་ཀྱི་ཆོག་ཕྲིན་དབྱངས་

རོལ་གར་ཐིག་སོགས་མཐོང་བ་བརྒྱུད་པའི་ཕྱག་བཞེས་ཕྲ་མོ་ཚུན་ཆད་ནས་ལེགས་པར་ཁོང་དུ་ཆུབ་པར་མཛད། ཡབ་རྗེ་དང་རང་རིགས་ཁུ་དབོན་སོགས་ཁམས་ཀྱི་བླ་ཆེན་མང་པོའི་མདུན་ནས་ཆོས་བཀའ་མང་དུ་གསན། ཁུ་བོ་

མཁན་གཅུང་རྣམ་གཉིས་དྲུང་ནས་བཀའ་གཏེར་གསར་རྙིང་གི་དབང་ཁྲིད་དང༌། མདོ་སྔགས་ཀྱི་གཞུང་རྣམས་

གསན། ཞེ་ཆེན་རབ་འབྱམས་སྣང་མཛད་གྲུབ་པའི་རྡོ་རྗེའི་ཞལ་སྔ་ནས་རིན་ཆེན་གཏེར་མཛོད་ཆེན་མོ་དང༌། མཁྱེན་བརྩེ་རྡོ་རྗེ་འཆང་ཆོས་ཀྱི་བློ་གྲོས་ལས་སྙིང་ཐིག་ཡ་བཞི། ཞེ་ཆེན་ཀོང་སྤྲུལ་རིན་པོ་ཆེ་ལས་ཞེ་ཆེན་རྒྱལ་ཚབ་

པའི་བཀའ་འབུམ་དང་ཟབ་ཁྲིད་མང་པོ།     གོ་འཇོ་མཁར་ལེགས་སྤྲུལ་སྐུའི་མདུན་ནས་འཇམ་མགོན་མི་ཕམ་རིན་

པོ་ཆེའི་བཀའ་འབུམ་སོགས་གསན། གཞན་ཡང་རྩ་རྒྱུད་གསང་བ་སྙིང་པོའི་རྩ་འགྲེལ་སོགས་དང༌། སྨིན་གླིང་སྒོས་ཀྱི་

གཏེར་ཁའི་སྐོར་ཨ་ཏི་ཟབ་དོན་སྙིང་པོ་སོགས་ལ་གསན་བསམ་ཉམས་བཞེས་མཛད། སྒྲུབ་སྡེ་ཐེག་མཆོག་ཆོས་གླིང་དུ་

འཇམ་དཔལ་གཤིན་རྗེ་གཤེད། བཀའ་བརྒྱད་བདེ་གཤེགས་འདུས་པ། གུ་རུ་ཞི་དྲག་སོགས་ལྷག་པའི་ལྷ་རབ་འབྱམས་ཀྱི་

བསྙེན་མཚམས་ལོ་བདུན་རིང་བཞུགས་ནས་སྣང་གྲགས་རིག་གསུམ་ལྷ་སྔགས་དབྱེར་མེད་དུ་རྒྱས་བཏབ་པར་མཛད། སྤྱན་རས་གཟིགས་དམར་པོ། ཐུབ་དབང་བདུད་འདུལ་མའི་མན་ངག་བདུད་བཞི་གཡུལ་ཟློག་སོགས་ཟབ་གཏེར་ཅི་རིཌ་

པའི་བཀའ་བབས་བོད་ལྗོངས་ཀླ་ཀློས་ཆེར་འཚེ་སྐབས་སྔོན་གྱི་ཐུགས་བསྐྱེད་དང་སྨོན་ལམ་གྱི་མཐུས། རྒྱ་འདྲེའི་དཔུང་

གིས་བརྫི་བར་མ་ནུས་པར་འགོ་བའི་ཆོས་སྲུང་རྣམས་ཀྱིས་བྱ་རོག་དང་སྐྱུང་ཀའི་གཟུགས་སུ་བསྟན་ནས་ལམ་སྟོན་ཞུས་

པ་བཞིན་ཉེ་ཞོ་མེད་པར་ལྷོ་འབྲུག་བརྒྱུད་འཕགས་ཡུལ་དུ་ཕེབས། རྒྱ་འབྲུག་ས་མཚམས་སུ་ཆིབས་བསྒྱུར་སྐབས་ྋགོང་

ས་སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱལ་བ་གོང་མ་རྣམས་ཀྱི་ཆོས་དམ་གྱི་འབྲེལ་བར་བརྟེན་འཚམས་འདྲིའི་མི་སྣ་ཆེད་

གཏོང་བསྐྱངས། འཕགས་ཡུལ་ཀ་སྤུངས་ཟངས་མདོག་དཔལ་རིར་ྋསྐྱབས་རྗེ་བདུད་འཇོམས་རིན་པོ་ཆེ་དང༌། ྋསྐྱབས་

རྗེ་དིལ་མགོ་མཁྱེན་བརྩེ་རིན་པོ་ཆེ་རྣམ་གཉིས་ཀྱིས་དབུས་སྔ་འགྱུར་སྤྱི་དང་བྱེ་བྲག་གིས་གསོལ་བ་བཏབ་པ་དང༌། ྋགོང་

ས་ྋསྐྱབས་མགོན་ཆེན་པོའི་བཀའ་ལུང་བཞིན་སྔོན་བྱོན་ཡབ་མེས་ཁྲི་ཆེན་གོང་མ་དག་གི་མཛད་སྒོ་བཞིན་ཁམས་གསུམ་

ཆོས་ཀྱི་རྒྱལ་པོ་ཁྲི་ཆེན་གྱི་གསེར་ཁྲིར་མངའ་འབུལ་རྒྱས་པ་ཞུས་ཏེ་གསང་སྔགས་སྔ་འགྱུར་རྙིང་མའི་བསྟན་པའི་བདག་

པོར་མངའ་གསོལ་གཟེངས་བསྟོད་མཛད། ྋསྐྱབས་རྗེ་རྣམ་གཉིས་ཀྱིས་ཀྱང་ཐུགས་ཁུར་གཟིགས་པ་རྒྱ་ཆེན་པོས་རྙིང་མ་

བཀའ་མ་དང་རྒྱ་ཆེན་བཀའ་མཛོད་ཀྱིས་གཙོས་ཆོས་བཀའ་དུ་མ་མཆོད་སྤྲིན་དུ་ཕུལ་ཏེ་ལྷན་རྒྱས་ཀ་སྤུངས་ཟངས་མདོག་

དཔལ་རིར་ཡུན་རིང་བཞུགས། སྐབས་དེ་དག་ཏུ་ྋསྐྱབས་རྗེ་བདུད་འཇོམས་རིན་པོ་ཆེ་དང་ལྷན་ཅིག་ཏུ་སྐུ་ངལ་འཛེམས་

མེད་ཀྱིས་བོད་བསྟན་སྲིད་ལ་སྨན་པའི་ཞབས་རིམ་སྣ་ཚོགས་ཐུགས་དམ་འོད་གསལ་ལས་ཤར་བ་བཞིན་མཛད་ཀྱང༌། བོད་

ལྗོངས་སྤྱི་མཐུན་གྱི་བསོད་ནམས་དམན་པ་དང༌།    མི་དང་མི་མིན་འབྱུང་པོའི་བསམ་ངན་སྦྱོར་བའི་ཆོ་འཕྲུལ་གྱིས་བར་

ཆད་མང་དུ་བརྩམས་པ་ནི། ཇི་སྐད་དུ། གུ་རུ་ཉིད་དང་ཁྱེད་ཀྱི་བསྟན་པ་དང༌།། ཁྱེད་ཀྱི་རྗེས་འཇུག་རྣམས་ལ་ཐན་དུ་

བལྟ།། བཀའ་དྲིན་ཁྱད་གསོད་ལོག་ལྟས་འབར་ཤ་ལྡིར།། དཀོན་མཆོག་རྒྱབ་བོར་བློ་གཏད་འདྲེ་ལ་བཅོལ།། མ་རུངས་འགོང་

པོར་རྒྱབ་རྟེན་བློ་གཏད་འཆའ།། ཕྱི་ནང་དབྱེན་སྦྱོར་ཕུང་འཁྲུགས་བྱུར་སྣ་འདྲེན།། དམན་ས་བཟུང་ཡང་ཕྱོགས་ལྷུང་ཕྲག་

དོག་ལྡང༌།། ཞེས་སོགས་གསུངས་པ་ཞལ་ནས་སྙན་དུ་བརྒྱུད་པའི་ལོ་རྒྱུས་རྗེན་པ་རྣམས་ནི་སྔ་འགྱུར་རྙིང་མའི་གདན་ས་

རྣམས་དང༌། རི་ཁྲོད་ཀྱི་རྣམ་འབྱོར། གྲོང་གསེབ་ཀྱི་སྔགས་འཆང་སོགས་ལ་རླུང་ལྟར་གྲགས།   ཤིང་སྟག་ཕྱི་ལོ་༡༩༧༤ ལོར་དཔལ་སྤྲུལ་རྫོང་ནང་རིན་པོ་ཆེ་འཇམ་དཔལ་བློ་གྲོས་དང༌། མཁོ་ཁྱིམ་རིན་པོ་ཆེ་འགྱུར་མེད་མདོ་རྒྱུད་རྒྱ་མཚོ་རྣམ་

གཉིས་ཀྱིས་གདན་ཞུས་བཞིན། འཕགས་ཡུལ་བྱང་ཕྱོགས་ས་ལའི་ནགས་ཁྲོད་དྷེ་ར་དྷུན་འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་

ངེས་པ་དོན་གྱི་དགའ་བའི་ཚལ་དུ་ཞབས་སོར་བཀོད་ནས། གདན་ས་འདིར་གཏན་ཆགས་བཞུགས་ནས་མཁོ་ཁྱིམ་རིན་

པོ་ཆེ་དང་ཐུགས་བསྐྱེད་ལྷན་འཛོམས་ཀྱིས་སྨིན་གླིང་རང་ལུགས་ཀྱི་ཚེས་བཅུ། དགུ་གཏོར། བཀའ་བརྒྱད། ཚོགས་ཆེན་

འདུས་པ། སྒྱུ་འཕྲུལ་ཞི་ཁྲོ། དོང་སྤྲུགས་སོགས་སྔར་སྲོལ་བཞིན་གསར་འཛུགས་མཛད་པ་དང༌།   ྋགོང་ས་ལྷ་མིའི་རྣམ་

འདྲེན་རྒྱལ་དབང་ཐམས་ཅད་མཁྱེན་པའི་མདུན་ཆེད་བཅར་གྱིས་སྐུ་ཚེའི་བརྟན་བཞུགས་ལན་འགའ་ཕུལ་བ་དོན་གྱི་

དམ་པར་བརྟན་བཞུགས་སུ་བྱུང་ཞེས་གསུང་གིས་དབུགས་དབྱུང་བསྩལ་ཏེ་ཐུགས་སྣང་གཅིག་འདྲེས་སུ་གྱུར། རེས་ཞག་

ཟླ་མང་པོར་ཉིན་མཚན་འོད་གསལ་གྱི་ཁོར་ཡུག་ཏུ་གཟིམས་པ། བཀའ་བསྒོ་མཛད་པས་གདོན་བགེགས་འདུལ་བ། བྱིན་

རླབས་གནང་བས་བར་ཆད་ཞི་བ།  ལྐོག་གྱུར་གྱི་གནས་ཐོགས་མེད་དུ་མཁྱེན་པ་སོགས་གྲུབ་པའི་མཛད་སྤྱོད་ངོ་མཚར་

ཅན་མང་པོ་མཐུན་སྣང་དུ་མངའ། གཞན་ཡང་རྗེ་ཉིད་ཀྱི་ཞལ་གསུང༌། ལོ་ན་ནི་རྒས་ཤིང་འཁོགས་པ་ལ།། སྤྱོད་པ་ནི་

བྱིས་པའི་སྤྱོད་པ་ཅན།། སུ་ཡི་ཡང་ཁ་ལ་མི་ཉན་པ། སྨྱོན་པ་གཅིག་ཀུན་བཟང་དབང་རྒྱལ་མཁྱེན། ཞེས་སྐུའི་སྣག་གཉེན་

རྒྱ་རི་ཨ་མ་ནོར་འཛིན་ལ་བླ་མ་རྒྱང་འབོད་ཀྱི་གསོལ་འདེབས་སུ་གནང་བ་དེ་ནི། ཆོས་བརྒྱད་ཀྱི་རེ་དོགས་ཀྱི་སྒྲོག་ལས་

གྲོལ།། འཁྲུལ་པ་དབྱིངས་སུ་ཞིག ནང་སྙེམས་བྱེད་ཀྱི་བདུད་བཞི་རྩད་ནས་ཆོད་པའི་གཉུག་མ་དོན་གྱི་ཐོལ་གླུ་འདྲེན་

མཆོག་གང་གི་ཐུན་མིན་གྱི་རྣམ་ཐར་དུ་གྱུར་ཡོད་པ་བཅས་དང༌།
    སྔ་འགྱུར་རྙིང་མའི་དབུ་ཁྲིད་ྋསྐྱབས་རྗེ་གྲུབ་དབང་པད་ནོར་རིན་པོ་ཆེ་མཆོག་དགོངས་ཞུས་གནང་བ་དང་སྔ་

འགྱུར་རྙིང་མའི་བླ་སྤྲུལ་སྐྱེས་ཆེན་རྣམས་བསམ་གྲོས་གཅིག་མཐུན་གྱིས་སྔ་འགྱུར་རྙིང་མ་པའི་བསྟན་པའི་དབུ་ཁྲིད་དུ་

བཀུར་བ་མ་ཟད།    སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་ཕྱག་རྟགས་ཀྱི་ལམ་ནས་བསྐོ་བཞག་གནང་

ནས་སྔ་འགྱུར་བསྟན་པ་རྒྱ་མཚོའི་མངའ་བདག་ཏུ་བཞུགས་བཞིན་པའི་མུར་བོད་རབ་གནས་ས་བྱི་ཟླ་༡ ཚེས་༣ ཕྱི་ལོ་

༢༠༠༨ ཟླ་༢ ཚེས་༩རེས་གཟའ་སྤེན་པའི་དགོང་དྲོ་ཆུ་ཚོད་བདུན་དང་ཕྱེད་ཙམ་གྱི་དུས་སུ་གདུལ་བྱ་རྟག་འཛིན་ཅན་

རྣམས་ཆོས་ལ་བསྐུལ་བའི་ཆེད་དུ་རེ་ཞིག་གཟུགས་སྐུའི་བཀོད་པ་ཆོས་ཀྱི་དབྱིངས་སུ་ཐིམ་པའི་ཚུལ་བསྟན་ཡོད་པ་

རེད།། གསལ་བཤད། མཛད་བསྡུས་འདི་ཉིད་སྔ་འགྱུར་རིག་མཛོད་རྩོམ་སྒྲིག་ཁང་ནས་རྩོམ་སྒྲིག་བྱས་པ་སྔ་འགྱུར་རྡོར་

གདན་སྨོན་ལམ་ཆེན་མོ་སྐབས་བཅུ་བདུན་པའི་དྲན་དེབ་ཏུ་འཁོད་པ་གཞིར་བཞག་ནས་བཀོད་པ་ཡིན།།

    ཐེག་ཆེན་གཙུག་ལག་ཁང་དུ་དཔྱིད་ཆོས་ཆེན་མོ་འཚོགས་ཡོད་པ་རེད།

ཟླ་འདིའི་ཚེས་༢༢ ནས་ཉིན་དགུའི་རིང་དཔྱིད་ཆོས་ཆེན་མོ་སྟེ། དྷ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ྋགོང་

ས་མཆོག་གིས་སྐྱེས་རབས་དང་ཚོམས་གཉིས་ཀྱི་གསུང་ཆོས་གནང་བཞིན་ཡོད་པ་དང༌།    གསུང་ཆོས་སྔ་དྲོ་ཆུ་ཚོད་

གཉིས་དང་ཕྱི་དྲོ་ཆུ་ཚོད་གཉིས་བཅས་ཉིན་རེར་ཆུ་ཚོད་༤ རིང་ལ་གནང་བཞིན་ཡོད་པ་རེད། ཕྱི་རྒྱལ་ཁག་དང་རྒྱ་

ནག བོད་བཅས་ནས་དད་ལྡན་ཆོས་ཞུ་བ་སྟོང་ཚོ་མང་པོ་ཕེབས་ཡོད་པ་དང༌། དཔྱིད་ཆོས་ཀྱི་སྦྱིན་བདག་ནི་ལི་ཐང་

བརྟན་བཞུགས་ཚོགས་ཆུང་ཡིན་པ་རེད།
    གསུང་ཆོས་ཉིན་དང་པོའི་སྐབས་ྋགོང་ས་མཆོག་གིས་སངས་རྒྱས་ཆོས་ཚོགས་མའི་ཚིག་རྐང་དང་པོ་གཉིས་ཀྱིས་

སྐྱབས་འགྲོ་དང་ཚིག་རྐང་ཐ་མ་གཉིས་ཀྱིས་སེམས་བསྐྱེད་མཚོན་གྱི་ཡོད་སྐོར་བཀའ་སློབ་གནང་དོན། ངས་རྒྱས་ཆོས་

ཚོགས་མ་འདོན་དུས། མཆོག་གསུམ་ལ་སྐྱབས་སུ་འགྲོ་བའི་སྐྱབས་འགྲོ་དང༌། དེ་ཡང་རང་གཅིག་པུའི་ཆེད་དུ་མ་ཡིན་

པ། མཐའ་ཡས་པའི་སེམས་ཅན་མཐའ་དག་ལ་ཕན་བདེ་བསྒྲུབ་པའི་སླད་དང༌། སངས་རྒྱས་ཀྱི་གོ་འཕང་ཐོབ་པའི་ཆེད་

དུ་སྐྱབས་འགྲོ་བྱེད་རྒྱུ། དེ་ནས་ཚིག་རྐང་ཕྱི་མ་གཉིས་པོ་དེ་ནས་སེམས་བསྐྱེད་བཤད་ཀྱི་ཡོད་པ་རེད། དེས་བྱས་པའི་ཆོས་

ཉན་བསམ་སྒོམ་སྒྲུབ་བྱས་པ་འདིས་མཚོན་པའི་དགེ་བའི་རྩ་བ་གང་བསག་པ་དེ་ཚང་མ་སེམས་ཅན་ཐམས་ཅད་སངས་

རྒྱས་ཀྱི་ས་ལ་འགོད་ཐུབ་པ་དང༌། དེའི་ཆེད་དུ་རང་ཉིད་སངས་རྒྱས་ཀྱི་གོ་འཕང་ཐོབ་པའི་རྒྱུར་འགྱུར་བར་ཤོག་ཟེར་

བ་ཞིག དེ་ངེས་པར་བསམ་དགོས་པ་རེད།  ག་རེ་རེད་ཟེར་ན་ཆོས་ཉན་བཤད་བྱེད་རྒྱུ་དེ་ཚོ་ཁ་ཡོད་ལག་ཡོད་ཅིག་

གིས་དོན་ཐོག་ལ་འཁྱོར་བ་ཞིག ཆོས་ཆོས་སུ་འགྲོ་བ་དང་དེའི་ནང་ཚན་ནས་ཐེག་ཆེན་གྱི་ཆོས་ཐེག་ཆེན་གྱི་ཆོས་སུ་

འགྲོ་བ་ཡོང་རྒྱུ་དེ་གཙོ་བོ་རང་རང་གི་བསམ་བློའི་འཁྱེར་སོ་ལ་རག་ལས་པ་ཡིན་དུས། སྐྱབས་འགྲོ་དང་སེམས་བསྐྱེད་

གཉིས་པོ་དེ་གསལ་བཏབ་དགོས་པ་ཧ་ཅང་གལ་ཆེན་པོ་ཡིན་པ་རེད། དེ་འདྲ་ཡིན་དུས་བླ་མས་ཀྱང་སོ་སོའི་ཆེ་འདོད་

དང༌། གྲགས་འདོད། མིང་སྐམ་པོ་དེ་འདྲའི་ཆེད་དུ་བསམ་པ་མ་ཡིན་པ། བསམ་པ་རྣམ་དག་གི་བསྟན་པའི་ཞབས་འདེཌ་

བསྒྲུབ་རྒྱུ་སྐབས་སུ་བབས་པ་གང་ཕན་ཕན་ཅིག་བྱུང་རོགས་བྱས་ན་བསམ་པ། བསམ་པ་རྣམ་དག་གི་ཐོག་ནས་བཤད་རྒྱུ་

ཡོད་བསྡད་པ་ཞིག་བྱས། སློབ་མའི་ངོས་ནས་ཡིན་ན་དེ་དེ་བཞིན་དུ་གྲགས་པ་དོན་དུ་གཉེར་བའི་བཟོ་འདྲ་བོ། ཉམས་

ཚོད་ལྟ་བར་ཡོང་བ་ཡིན་པ་འདྲ་བོ། ཉམས་ཚོད་ལྟ་བར་ཡོང་བ་ཡིན་ན་ཆོ་ཡང་ཡོད་པ་མ་རེད། ཆོས་སུ་འགྲོ་བ་ལ་མཆོག་

གསུམ་ལ་སྐྱབས་སུ་འགྲོ་བའི་སྐྱབས་འགྲོ། དེའི་ནང་ཚན་ནས་སྐྱབས་འགྲོ་ཐུན་མོང་མ་ཡིན་པ་རང་གཞན་སེམས་ཅན་

ཐམས་ཅད་ཀྱི་དོན་དུ་སྐྱབས་སུ་འགྲོ་བའི་སྐྱབས་འགྲོ། དེ་བཞིན་གྱི་སེམས་བསྐྱེད་ཡག་པོ་ཞིག་གསལ་བཏབ་ནས་ཉན་པ་

ཡིན་ན། བླ་མའི་ངོས་ནས་ཡིན་ཡང་ཆོས་བཤད་པ་དེ་དོན་ཆེན་པོ་འགྲུབ་ཐུབ་པ་ཞིག་དང༌། སློབ་མའི་ངོས་ནས་ཆོས་

ཉན་པ་དོན་ཆེན་པོ་བསྒྲུབ་ཐུབ་པ་ཞིག་ཡོང་རྒྱུ་ཡིན་པ་རེད། སྐྱབས་འགྲོ་སེམས་བསྐྱེད་གསལ་འདེབས་པའི་ཆེད་དུ་ང་

ཚོས་སངས་རྒྱས་ཆོས་ཚོགས་མ་འདོན་གྱི་ཡོད་པ་རེད་ཅེས་དང༌།  དེ་རིང་འདིར་དེ་སྔ་ཡོང་མ་མྱོང་བ་དེ་རིང་འདིར་

གསར་པ་མང་པོ་ཡོང་བསྡད་པ་མང་པོ་ཡོད་ཙང༌། ནམ་རྒྱུན་ངས་ཆོས་བཤད་དུས་སྔོན་ལ་ནང་ཆོས་ངོ་སྤྲོད་བྱེད་སྡོད་

ཀྱི་ཡོད་རེད། ནང་ཆོས་ངོ་འཕྲོད་ནས་དེ་ནས་ཆོས་དེ་ཉམས་ལེན་ག་འདྲ་བྱེད་དགོས་རེད་ཟེར་ན། ཉམས་ལེན་བྱིན་

རླབས་ཀྱི་གཞུང་དེ་མར་བཤད། ནམ་རྒྱུན་དེ་འདྲ་ཞིག་འགྲོ་ཡི་ཡོད་རེད། ནང་ཆོས་ངོ་སྤྲོད་བྱས་པ་ཡིན་ན་སྔོན་ལ་

ཆོས་ཟེར་བ་དེ་ཕན་ཐོགས་ག་འདྲ་ཡོད་རེད། དེར་བསམ་བློ་གཏོང་དགོས་པ་རེད། ཆོས་ཟེར་བ་དེ་ཕན་ཐོགས་ཡོད་པ་

ཡིན་ན། ཆོས་ཀྱི་ནང་ལ་འདྲ་མི་འདྲ་ག་འདྲ་ཡོད་རེད།    དེའི་ནང་ལ་ནང་པའི་ཆོས་ཟེར་བ་དེ་ག་འདྲ་ཡིན་པ་

དེ་ངོ་སྤྲོད་བྱེད་དགོས་པ་རེད།ང་རང་ཚོས་ཆོས་ཟེར་བ་དེ་བྱེད་རྒྱུ་ཚང་མ་རྫོགས་ནས་ཉི་མ་མ་ཆོད་པ་བྱས་ནས་ཆོས་

བྱེད་ཀྱི་ཡོད་རེད་དམ་ཟེར་ན། དེ་འདྲ་མ་རེད། ང་རང་ཚོ་ཚང་མ་རང་གཞིན་ལྷན་སྐྱེས་ཀྱི་ང་འོ་སྙམ་པའི་བློ་ཅིག་

ཡོད་ཕྱིན་ཆད་ལ་ང་བདེ་བ་འདོད་པ་དང་ང་སྡུག་བསྔལ་མི་འདོད་པ་རང་བཞིན་གྱིས་ཡོད་བསྡད་པ་ཞིག་རེད་

འདུག སེམས་ཅན་སྲོག་ཆགས་འབུ་སྲིན་ཚུན་ཆད་ཐམས་ཅད་སྡུག་བསྔལ་མི་འདོད་པ་དང་བདེ་བ་འདོད་པ་ཡིན་

པ་རེད་འདུག་ཅེས་སོགས་ནང་ཆོས་ངོ་སྤྲོད་ཞིབ་ཅིང་ཕྲ་བ་གསུངས་ཡོད་པ་རེད།

     མདོ་སྨད་རེབ་གོང་ནས་རྒྱ་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་བ།

རེབ་གོང་རོང་པོ་དགོན་ཆེན་དུ་ཆོ་འཕྲུལ་སྨོན་ལམ་འཚོགས་སྐབས། མི་མང་གིས་རྒྱ་གཞུང་ལ་ངོ་རྒོལ་བྱས་པའི་

དོན་རྐྱེན་ཞིག་བྱུང་ཡོད་པ་དང༌།     རེབ་གོང་སྐྱབས་མགོན་ཆེད་ཕེབས་ཀྱིས་མི་མང་ལ་ལས་འགུལ་མཚམས་

འཇོག་དགོས་པའི་བཀའ་སློབ་ཕེབས་མཚམས། ལས་འགུལ་མཚམས་འཇོག་བྱས་ཡོད་འདུག རྡོ་རྗེ་དབང་ཕྱུག་ལགས་

ཀྱིས་འདི་གར་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན། རེབ་གོང་དགོན་སྡེ་ཁག་གི་མ་དགོན་རོང་པོ་དགོན་ཆེན་གྱི་

ཆོ་འཕྲུལ་སྨོན་ལམ་ཆེན་མོའི་སྐབས་སུ་རྒྱ་ནག་གཞུང་གིས་སྤྱི་བདེ་མི་སྣ་དང་ཉེན་རྟོག་པ་བརྒྱ་ཕྲག་མང་པོ་གོ་སྒྲིག་

གིས་ཆོས་ཕྱོགས་ཀྱི་མཛད་སྒོར་སྐོར་གཡེང་བྱེད་བཞིན་ཡོད་པ་ནི་ནམ་རྒྱུན་གྱི་གནས་སྟངས་ལྟ་བུ་ཆགས་ཡོད་ནའང༌། འདི་ལོའི་སྨོན་ལམ་སྐབས་རྒྱ་གཞུང་ལ་ངོ་རྒོལ་དང་སྐད་འབོད་ཀྱི་ལས་འགུལ་སྤེལ་བར་སྲིད་གཞུང་དང་དམག་མི་

མཉམ་རུབ་ཀྱིས་འཛིན་བཟུང་དང་གཅར་རྡུང་སོགས་བྱས་འདུག   དེ་ཡང་ཁུངས་ལྡན་གནས་ཚུལ་འབྱོར་གསལ་ལྟར་

ན། བོད་ཟླ་དང་པོའི་ཚེས་བཅུ་དྲུག་སྟེ། ཕྱི་ཟླ་༢ ཚེས་༢༡ ཉིན་གྱི་དགོང་དྲོའི་ཆུ་ཚོད་༨ སྟེང་རེབ་གོང་རྫོང་མི་མང་སྲིད་

གཞུང་ཟེར་བས་ལོ་ཤས་གོང་ནས་སྨོན་ལམ་སྐབས་དང་སྟབས་འཁེལ་གྱིས་ལས་ཁུངས་དང་ལས་ཁུངས་བར་ཤོག་སྦག་

སྦར་བའི་འགྲན་སྡུར་བྱེད་སྲོལ་ཡོད་པ་ལྟར།བྱ་རིམ་དེ་འགོ་འཛུགས་ལ་མི་མང་ཁྲི་ཚོ་བརྒལ་བ་ལྟད་མོ་བལྟ་བར་ཁྲོམ་

གཞུང་དུ་འཛོམས་ཡོད་སྐབས།བོད་མི་ཁག་ཅིག་གིས་རྒྱ་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་འཆར་ཡོད་པ་གཞུང་

གིས་ཤེས་ཚོར་བྱུང་འབྲེལ།དྲག་ཆས་སྤྲས་པའི་ཉེན་རྟོག་པ་དང་སྤྱི་བདེ་མི་སྣ་ཉིས་བརྒྱ་ཙམ་མི་མང་ནང་འཛུལ་ནས་

ངོ་རྒོལ་ལས་འགུལ་སྤེལ་བའི་འགོ་ཁྲིད་ལ་དོགས་གཞི་ཡོད་རིགས་ཁ་ཤས་འཛིན་བཟུང་བྱེད་འཆར་དེར། ཐོག་མར་རྨ་

ལྷོའི་གསོལ་མགྲོན་ཁང་གི་མདུན་ངོས་ལམ་གཞུང་དུ་ཡོད་པའི་མི་མང་གིས་ཐད་ཀར་ངོ་རྒོལ་སྐད་འབོད་དང༌། རྡོ་དང་འཁྱག་པ་གང་ཐེབས་ཀྱིས་གཞུས་ཏེ། སྤྱི་བདེ་ཉེན་རྟོག་པ་དང་མི་མང་བར་འཁྲུག་འཛིང་བྱུང་བ་དང༌། དེ་བཞིན་བོད་རིགས་སློབ་འབྲིང་གི་མདུན་དང༌།རོང་པོ་རྒྱལ་ཐང་གི་བཞི་མདོ་ཆེན་མོ་གཉིས་ནས་ཀྱང་མི་མང་གིས་

ངོ་རྒོལ་སྐད་འབོད་ཤུགས་ཆེར་བྱས་ཏེ།ཁྱོན་བསྡོམས་ས་གནས་ཁག་གསུམ་ནས་སྤྱི་བདེ་མི་སྣའི་རླངས་འཁོར་བདུན་

མགོ་རྟིང་སློག་པ་དང༌།གཏོར་བཅོམ་གྱིས་འཛིན་བཟུང་བྱས་པའི་མི་སྣ་རྣམས་ཕྱིར་འཕྲོག་གིས་ཉེན་རྟོག་པ་དང་སྤྱི་

བདེ་མི་སྣ་རྣམས་མཐར་བསྐྲོད་བཏང་འདུག་ནའང༌། དེ་རྗེས་ཁུལ་དམག་ཁུལ་ཁང་གི་དམག་མི་དཀྱུས་མའི་ཚན་

ཁག་གི་དམག་མི་ཕོན་ཆེ་སླེབས་ནས་མང་ཚོགས་ནང་མཆི་འབྱིན་མདེའུ་བརྒྱབ་འདུག་པ་མ་ཟད། ཁྲོམ་སྲང་ཆེ་ཁག་

གི་འགྲིམ་འགྲུལ་བཀག་སྡོམ་གྱིས་བོད་མི་སྐྱ་སེར་དབྱེར་མེད་ཀྱིས་ཁྱིམ་མི་གང་པོ་འཛིན་བཟུང་ཐེབས་པ་སོགས་བྱུང

འདུག་ལ། ཁུངས་ལྡན་གནས་ཚུལ་ཡོང་ཁུངས་ཀྱིས་བཤད་པ་ལྟར་ན། ཁྱོན་བསྡོམས་མི་མང་བརྒྱ་ཕྲག་ཁ་ཤས་འཛིན་

བཟུང་བྱས་འདུག ངོ་རྒོལ་ལས་འགུལ་གྱི་བརྒྱུད་རིམ་ནང༌། བོད་རང་བཙན་གཙང་མ་ཡིན་པ་དང༌། ྋགོང་ས་རྒྱལ་

བ་ཐམས་ཅད་མཁྱེན་པ་སྐུ་ཚེ་ཁྲི་ལོར་བརྟན་པར་ཤོག་ཅེས་ཁུལ་སྲིད་གཞུང་གི་མདུན་ཐང་གཙོ་བོར་བྱས་པའི་ས་

གནས་ཁག་ཏུ་མི་མང་ཁྲི་ཚོ་བརྒལ་བས་སྐད་གསེང་མཐོན་པོས་བསྒྲགས་ཡོད་འདུག་ལ། དགོང་མོའི་ཆུ་ཚོད་༡༠་༣༠ ཙམ་ལ་ཉིན་དང་པོའི་ལས་འགུལ་མཚམས་བཞག་ཡོད་འདུག
    ཕྱི་ཟླ་༢ ཚེས་༢༢ ཉིན་གྱི་ཞོགས་པར། རེབ་གོང་རྫོང་མི་མང་སྲིད་གཞུང་ནས་བརྡ་ཁྱབ་ཅིག་སྤེལ་བའི་ནང༌། གྲྭ་བ་

ཞིག་གི་ལག་འཁྱེར་ཁ་པར་རྐུན་མ་རྒྱག་མཁན་འཛིན་བཟུང་གིས་འཁྲིད་ནས་འགྲོ་སྐབས་མི་མང་གིས་ངོ་རྒོལ་གྱི་

འགོ་བརྩམས་པ་བཀོད་ཡོད་ནའང༌། མི་མང་གི་ངོས་ནས་ཤོད་གསལ་ལ།མི་མང་གང་འཚམས་ཀྱིས་ངོ་རྒོལ་ལས་

འགུལ་སྤེལ་འཆར་ཡོད་པ་གཞུང་གིས་ཤེས་ཚོར་གྱིས་འབྲེལ་ཡོད་གཙོ་བོ་ཁག་འཛིན་བཟུང་བྱ་འཆར་སྐབས། འཛིན་

བཟུང་མི་ཆོག་པའི་ངོ་རྒོལ་དང་འཁྲུག་པ་བསླངས་ལུགས་ཤོད་ཀྱི་ཡོད་འདུག་པ་གང་ལྟར། ཉིན་གུང་ཙམ་ནས་མི་

མང་སྟོང་ཕྲག་མང་པོ་རྨ་ལྷོ་བརྙན་འཕྲིན་ཁང་གི་མདུན་ཐང་གཡས་གཡོན་དུ་འཛོམས་ནས་མུ་མཐུད་ངོ་རྒོལ་སྐད་

འབོད་ཀྱིས་འཛིན་བཟུང་བྱས་པའི་མི་མང་གློད་གྲོལ་གཏོང་དགོས་པའི་རེ་འདུན་ཤུགས་ཆེར་བཏོན་པར། སྲིད་གཞུང་

གི་ངོས་ནས་དོགས་ཡོད་མི་སྣ་གཉིས་ཟི་ལིང་དུ་ཁྲིད་ཡོད་པ་ལས། གཞན་གློད་གྲོལ་བཏང་ཡོད་སྐོར་གསལ་བཤད་བྱས་

འདུག་ནའང༌། ཡང་སྙིང་མི་ག་ཚོད་འཛིན་བཟུང་བྱས་ཡོད་པ་དང༌། ག་ཚོད་གློད་གྲོལ་བཏང་ཡོད་མེད་གསལ་ཁ་གང་

ཡང་བྱུང་མི་འདུག                 ལས་འགུལ་ཉིན་དང་པོའི་དགོང་མོར་ཁ་ཆེའི་ཟ་ཁང་ཞིག་མེར་སྲེག་བཏང་བ་དང༌། ཉིན་གཉིས་པའི་ཉིན་རྒྱབ་ཁ་ཆེ་བ་ཞིག་གི་སྦག་སྦག་འཁོར་ལོ་མེར་སྲེག་བཏང་བ་སོགས་ཀྱང་བྱུང་འདུག་ནའང༌། ད་རེས་ཀྱི་ལས་འགུལ་ནི་སྲིད་གཞུང་ལ་ངོ་རྒོལ་གྱི་ཆེད་དུ་ཡིན་པ་ལས། ཁ་ཆེའི་མི་རིགས་དང་བོད་མིའི་བར་གྱི་འགལ་

ཟླ་ལས་བྱུང་བ་ཞིག་མིན་པར་འདུག འདི་ལྟར་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་ཛ་དྲག་དང་གཞི་རྒྱ་ཇེ་ཆེར་སོང་སྟེ། ཉིན་གཉིས་པའི་ཉིན་ཚ་རྒྱལ་དགོན་པའི་གྲྭ་པ་ཁག་ཅིག་གིས་སྣེ་ཁྲིད་དེ་སེར་སྐྱ་སྟོང་ཕྲག་མང་པོ་རྒྱལ་ཐང་གི་བཞི་མདོ་

ཆེན་མོར་འདུ་འཛོམས་དང་བཅས་ཏེ། ངོ་རྒོལ་སྐད་འབོད་དང༌། གངས་རིའི་ར་བས་བསྐོར་བའི་ཞིང་ཁམས་སུ།། ཕན་དང་

བདེ་བ་མ་ལུས་པའི་འབྱུང་བའི་གནས།། སྤྱན་རས་གཟིགས་དབང་བསྟན་འཛིན་རྒྱ་མཚོ་ཡི།། ཞབས་པད་སྲིད་མཐའི་བར་

དུ་བརྟན་གྱུར་ཅིག། ཅེས་སྐད་གསེང་མཐོན་པོས་དབྱངས་སུ་གྱེར་ཞིང༌། ྋགོང་ས་རྒྱལ་བ་ཐམས་ཅད་མཁྱེན་པའི་སྐུ་ཚེ་

ཁྲི་ལོར་བརྟན་པར་ཤོག་ཅེས་ངར་ཤུགས་ཆེན་པོས་ཁ་གཡང་སྒྲོག་བཞིན་པའི་སྐབས་སུ། ཉེན་རྟོག་པས་གྲྭ་པ་ཁ་ཤས་

འཛིན་བཟུང་གིས་ཁྲིད་ནས་འགྲོ་གྲབས་སྐབས། མི་མང་ནས་ངོ་རྒོལ་ཤུགས་ཆེར་སྤེལ་ཞིང་རྗེས་འདེད་བྱས་སྟབས། མཐའ་

མ་དེར་འཛིན་བཟུང་བྱས་པའི་གྲྭ་པ་རྣམས་མི་མང་ནང་གློད་དེ། སྲིད་གཞུང་གི་ངོས་ནས་ཉིན་དང་པོར་འཛིན་བཟུང་

བྱས་པ་རྣམས་ཡོངས་སུ་གློད་གྲོལ་བྱས་ཟིན་སྟབས། ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་མཚམས་འཇོག་དགོས་ཚུལ་བསྒྲཌ་

འདུག་ནའང༌། འཛིན་བཟུང་བྱས་པའི་མི་མང་རྣམས་བཀག་བསྐྱིལ་བྱ་ཡུལ་དུ་ཟུངས་ཁྲག་འཛག་པའི་ཤུལ་གསལ་བ་

དང༌། གློད་གྲོལ་བྱུང་རིགས་ལའང་གཅར་རྡུང་ཡ་ང་བ་བྱས་ཏེ་གཟུགས་པོའི་འགུལ་སྐྱོད་དཀའ་བའི་གནས་སུ་གྱར་ནས་

ཡོད་པ་དང༌། མི་གཉིས་ལ་གཅར་རྡུང་ཡ་ང་བ་བྱས་པས་ཟི་ལིང་དང་ལན་གྲུ་རུ་སྨན་བཅོས་ཆེད་ཁྲིད་ཡོད་སྐོར་དང༌།

དེ་ལས་གཅིག་གི་སྒལ་བ་ཆག་གྲུམ་ཤོར་ནས་ཡོད་གནས་སོགས་མང་ཚོགས་ཀྱིས་ཤུགས་ཆེར་གླེང་སྟེ། མུ་མཐུད་ངོ་རྒོལ་

སྐད་འབོད་བྱེད་མུས་ཀྱི་གནས་སྟངས་ཛ་དྲག་ཅི་ཆེ་ཆགས་བཞིན་པའི་སྐབས།      རེབ་གོང་སྐྱབས་མགོན་ཆེད་ཕེབས་

ཀྱིས་མི་མང་ལ་ལས་འགུལ་མཚམས་འཇོག་དགོས་པའི་བཀའ་སློབ་ཕེབས་མཚམས། ལས་འགུལ་མཚམས་འཇོག་བྱུང་

སྟེ། དགོན་པའི་འཆམ་འཁྲབ་དང་གཏོར་རྒྱག་མཛད་སྒོ་དེ་དགོང་མོའི་ཆུ་ཚོད་༥ ཡས་མས་སུ་གཞི་ནས་འགོ་འཛུགས་

ཐུབ་པ་བྱུང་ཡོད་འདུག  ཚེས་༢༣ ཉིན་གྱི་ཞོགས་པར་གནས་ཚུལ་འབྱོར་གསལ་ལྟར་ན། ཚེས་༢༢ཉིན་རྨ་ལྷོ་ཁུལ་དང་

རེབ་གོང་རྫོང་མི་མང་སྲིད་གཞུང་མཉམ་འབྲེལ་གྱིས་སྡེ་བ་རེའི་གནད་ཡོད་མི་སྣ་འདུས་པའི་ཛ་དྲག་གི་ཚོགས་འདུ་

བསྡུས་པའི་སྟེང༌། ཁུལ་གྱི་འགོ་བྱེད་ནས་གཏམ་བཤད་སྤེལ་བའི་ནང༌། ཕྱི་ལོ་༡༩༨༩ལོར་ལྷ་ས་ནས་གཞི་རྒྱ་ཆེ་བའི་ངོ་

རྒོལ་སྐད་འབོད་བྱས་མཇུག་ཏུ། རེབ་གོང་ནས་སློབ་མ་དང་གྲྭ་པ་སྡེབ་ལངས་ཀྱིས་ངོ་རྒོལ་སྐད་འབོད་དང་ཁྲོམ་སྐོར་

བྱས་ཡོད་ནའང༌། འདི་ལྟ་བུའི་ངོ་རྒོལ་ལས་འགུལ་གཞི་རྒྱ་ཆེ་བ་མ་བྱུང་བ་ལྟ་བུ་ཡིན་སྟབས། ད་རེས་ཀྱི་ལས་འགུལ་

འདི་ངེས་པར་ཐག་གཅོད་ནན་མོ་དང༌།       སླད་ཕྱིན་འདི་འདྲ་མི་འབྱུང་བ་རྫོང་སྲིད་གཞུང་དང་མི་མང་གཉིས་

ཀའི་ངོས་ནས་འགན་ཁུར་དགོས་སྐོར་བཤད་འདུག་ལ། དེ་བཞིན་མི་མང་ཕོན་ཆེ་འདུ་འཛོམས་མི་ཡོང་ཆེད་ཚེས་༢༣ ཉིན་ནས་མི་མང་རྣམས་རང་རང་གི་སྡོད་གནས་གང་ཡིན་དེ་ནས་སྡོད་དགོས་པ་ལས་རང་སྣང་གང་དྲན་ལྟ་བུས་ཁུལ་

དང་རྫོང་ལས་ཁུངས་ཆགས་ཡུལ་རོང་རྒྱལ་ཐང་དང༌། རོང་པོ་དགོན་པའི་གཡས་གཡོན་གང་དུའང་འགྲོ་བསྐྱོད་འདུ་

འཛོམས་མི་ཆོག་པའི་དམ་དྲག་བྱས་ཏེ།      ཕྱོགས་བཞིའི་ལམ་འགག་ཆེ་གྲས་ཁག་ཏུ་ཉེན་རྟོག་པ་དང་སྤྱི་བདེ་མི་སྣ་

འགྲེམས་འཇོག་གིས་མི་མང་འདུ་འཛོམས་ལ་དམ་དྲག་གིས་ཁྲིམས་གཞི་བསྡམས་ནས་ཡོད་འདུག་ལ། ད་རེས་ཀྱི་ལས་

འགུལ་ནང་སྣེ་ཁྲིད་གཙོ་བོ་བྱས་པའི་དོགས་གཞིའི་འོག་བློན་ཆེན་ནུ་གུ་སྡེ་བ་ནས་ཡིན་པའི་གཅོད་པ་སྐྱབས་སོགས་

གར་ཁྲིད་གང་ཡོད་ཀྱི་གསལ་ཁ་ངེས་པར་དགོས་ཤིང༌། དེ་ཡང་ད་རེས་ཀྱི་ལས་འགུལ་ནང་འཛིན་བཟུང་བྱས་པ་

རྣམས་གང་མྱུར་མང་ཚོགས་ལ་རྩིས་སྤྲོད་བྱས་ན་ལས། མུ་མཐུད་ངོ་རྒོལ་གྱི་ལས་འགུལ་རྩོམ་རྒྱུ་ཡིན་པའི་གླེང་སློང་

ཤུགས་ཆེ་བྱེད་བཞིན་ཡོད་པར་བརྟེན། ཚེས་༢༤ ཉིན་གནས་ཚུལ་འབྱོར་གསལ་ལྟར་ན། འཛིན་བཟུང་བྱས་པའི་

མང་ཚོགས་རྣམས་གློད་གྲོལ་ཐད་ཕན་ཐོགས་ཆེན་པོ་བྱུང་འདུག་ལ། གྲྭ་པའི་སྐུ་ཚབ་ལྟ་བུ་ཆེད་བསྐོང་གིས་མང་

ཚོགས་འཛིན་བཟུང་གིས་བཀག་བསྐྱིལ་བྱ་ཡུལ་མིག་སྟོན་གྱིས་ད་ལྟ་སུ་གང་ཡང་འཛིན་བཟུང་བཀག་བསྐྱིལ་བྱས་

མེད་པའི་སྐོར་གསལ་བཤད་ཀྱང་བྱས་འདུག་ནའང༌། ངོ་རྒོལ་བ་འཛིན་བཟུང་བྱེད་མཁན་གྱི་སྤྱི་བདེ་མི་སྣ་དང་

ཉེན་རྟོག་མི་སྣ། དམག་མི་བཅས་ལས་མང་ཆེ་བ་ནི་བོད་རིགས་ཡིན་སྟབས་ཀྱིས་ཡིན་མིན་གང་ལྟར།   སྐབས་

མཚམས་འགར་དམག་མི་མང་པོས་མང་ཚོགས་ཀྱི་ངོ་རྒོལ་ལས་འགུལ་ལ་རྒྱབ་སྐྱོར་གྱི་རྣམ་པ་ཚུན་མངོན་ཡོད་

གནས་འདུག་ལ།   ཟི་ལིང་དུ་ཁྲིད་པ་གླེང་བཞིན་པ་བློན་ཆེན་ནུ་གུ་སྡེ་བ་ནས་ཡིན་པ་གཅོད་པ་སྐྱབས་དང་སོ་

ནག་ནས་ཡིན་པ་གྲྭ་བློ་བཟང་ཕུན་ཚོགས་གཉིས་ཀྱང་གློད་གྲོལ་བཏང་ཡོད་པར་བསྒྲགས་ནས། མང་ཚོགས་ཀྱི་རེ་

འདུན་གཞིར་བཞག་གིས་ཐག་གཅོད་བྱས་པའི་རྣམ་འགྱུར་བསྟན་ཡོད་འདུག་ནའང༌། དེ་གཉིས་སྨན་ཁང་དུ་ཡོད་

དང་འཛིན་བཟུང་བཀག་བསྐྱིལ་འོག་ཡོད་མེད་སྐོར་མང་ཚོགས་ནས་བློ་འཚབ་ཆེན་པོ་བྱེད་ཀྱི་ཡོད་འདུག་ལ། དེ་བས་

ཀྱང་འཛིན་བཟུང་བྱས་པ་ཆ་ཚང་གློད་ཡོད་མེད་ཁ་གསལ་ཅི་ཡང་བྱུང་མེད་པས།སླར་ཡང་ངོ་རྒོལ་གྱི་ལས་འགུལ་སྤེལ་

རྒྱུ་ཡིན་པའི་བསམ་ཚུལ་ཤུགས་ཆེར་གླེང་བཞིན་ཡོད་འདུག
    ཟླ་འདིའི་ཚེས་༢༡ དགོང་མོར་དྷ་སར་རེབ་གོང་མི་མང་གིས་རྒྱ་གཞུང་ལ་ངོ་རྒོལ་གནང་བ་དེར་གདུང་སེམས་མཉམ་

བསྐྱེད་ཆེད་དགུ་བཅུ་གསུམ་ཚོགས་པའི་གོ་སྒྲིག་འོག་མི་མང་གིས་མར་མེའི་ཁྲོམ་སྐོར་ཞིག་བྱས་ཡོད་པ་དང༌། དེའི་ཐོག་

ཏུ་བསྟན་འཛིན་བརྩོན་འགྲུས་ལགས་ཀྱིས་བོད་དོན་ལས་འགུལ་དང་འབྲེལ་བའི་གསུང་བཤད་གནང་ཡོད་པ་རེད། ཚེས་

༢༦ དགོང་མོར་དྷ་ས་ས་གནས་བོད་ཀྱི་གཞོན་ནུའི་གོ་སྒྲིག་འོག་མི་མང་གིས་མར་མེའི་ཁྲོམ་སྐོར་ཞིག་བྱས་ཡོད་པ་དང༌། དེའི་ཐོག་ཏུ་བོད་ཀྱི་དབུས་གཞོན་ནུ་ལྷན་ཚོགས་ཀྱི་དྲུང་ཆེ་དོན་འགྲུབ་ལྷ་དར་ལགས་ཀྱིས་གསུང་བཤད་གནང་ཡོད་པ་

རེད།།

Back

Search site

© 2012 All rights reserved. No information or images from this website can be copied or used for any purpose without permission from "KonchoK..com

དཀོན་མཆོག་བོད་རང་བཙན་དྲ་ཚིགས།