ཕྱི་བལྟས་ཀྱི་སྐྱོ་སྣང་།

24/07/2009 00:48

༄༅།  ཕྱི་བལྟས་ཀྱི་སྐྱོ་སྣང་།

སྙིགས་དུས་འགྲོ་རྣམས་བསོད་ནམས་དམན་པའི་ཁར།།

སྡོམ་པ་དམ་ཚིག་མི་སྲུང་སྐྱེ་བོ་འགས།།

སོ་སོའི་སྙིང་ཉེ་དཀོར་ནག་ཟས་ལ་སྦྱོར།།

ལྕགས་ཀྱི་ཐོ་ལུམ་མི་དྲན་ཡིད་རེ་སྐྱོ།།

 

དྲང་བདེན་ལྷག་བསམ་ལྕེ་ཡི་རྩེ་རུ་འཁྱེར།།

ཕྱོགས་ཞེན་བསམ་ངན་སྙིང་གི་དབུས་སུ་འཆང་།།

བསྟན་སྲིུད་ཞབས་འདེགས་སྒྲུབ་བསམ་ཆེ་རློམ་ལ།།

བསམ་ཞིང་བསམ་ན་སྙིང་ནས་ཡིད་རེ་སྐྱོ།།

 

འགྲོ་བའི་སྐྱབས་གཅིག་ཕྱག་ན་པདྨོ་ཡིས།།

ཞི་བདེའི་ཆེད་དུ་གླིང་བཞིར་ཞབས་ཀྱིས་བཅགས།།

འོན་ཀྱང་སྒྲོ་སྐུར་སྨྲ་བའི་སྐྱེ་བོ་རྣམས།།

ཞི་བདེའི་དཔལ་ཡོན་མི་དྲན་ཡིད་རེ་སྐྱོ།།

 

རང་རིགས་ཆེད་དུ་དཀའ་བ་ཁྱད་གསད་ཀྱིས།།

རིགས་རུས་མི་གཅིག་མཐོ་དམན་འཛུམ་གྱིས་བསུས།།

བདེན་པའི་འབོད་སྒྲ་གོ་ལའི་ཁྱོན་ལ་སྒྲོག །

ཁྲེལ་མེད་བཀའ་དྲིན་མི་དྲན་ཡིད་རེ་སྐྱོ།།

 

གཞིས་ལུས་སྤུན་ཟླ་གཉའ་གནོན་འོག་ཏུ་ཚུད།།

གཅེས་ནོར་རིག་གཞུང་མར་མེ་སྣུམ་ཟད་བཞིན།།

ཀྱེ་མ་ད་དུང་རང་དོན་ཁོ་ནར་བརྩོན།།

གངས་རིའི་ལ་རྒྱ་མི་བསམ་ཡིད་རེ་སྐྱོ།།

 

བསིལ་ལྡན་ལྷ་ཡི་ཞིང་ཁམས་ཁ་བའི་ལྗོངས།།

ཀླ་ཀློའི་དཔུང་གི་རླུང་ནག་འཚུབས་པའི་དུས།།

གཡོ་ཇུས་འོག་ཏུ་ཚུད་པའི་དཔོན་ངན་འགས།།

རིན་བྲལ་རིག་གཞུང་མི་དྲན་ཡིད་རེ་སྐྱོ།།

 

ལྷན་སྐྱེས་བློ་གྲོས་ཤིན་ཏུ་ཉག་ཕྲའི་སྟེང་།།

སྦྱོར་བྱུང་བརྩོན་འགྲུས་རྟག་ཏུ་ཉམས་དམའ་བས།།

ཟབ་རྒྱས་གཞུང་ལུགས་ཡིད་བཞིན་ནོར་བུ་ལ།།

ཐོས་པས་སྒྲོ་འདོགས་མ་ཆོད་ཡིད་རེ་སྐྱོ།།

ལུང་རིགས་མང་ཐོས་དགེ་བའི་བཤེས་དང་མཇལ།།

ཤེས་ཡོན་སྦྱོང་བའི་མཐུན་རྐྱེན་འཛོམས་ན་ཡང་།།

བག་མེད་ངང་དུ་མི་ཚེ་སྐྱེལ་བཞིན་པའི།།

གཞོན་སྐྱེས་འདི་ཚོ་མཐོང་པས་ཡིད་རེ་སྐྱོ།།

 

རིགས་བཟང་བུ་མོ་དངུལ་གྱི་རྗེས་སུ་རྒྱུག །

ཡ་རབས་ཀུན་སྐྱོད་ནམ་མཁའི་འཇའ་ལྟར་ཡལ།།

མཛེས་པའི་ལང་ཚོ་དོན་མེད་ཆུད་ཟོས་གཏོང་།།

ཕ་མའི་རྐང་འདྲེན་མི་བསམ་ཡིད་རེ་སྐྱོ།།

 

ཀ་ཡེ་ཤ་ཕྲག་གཅིག་པའི་སྤུན་ཟླ་ཚོ།།

ཆོལ་ཁ་ཆོས་ལུགས་མ་རྩོད་བདེན་དོན་རྩོད།།

མཐུན་སྒྲིལ་ལག་གདང་སྦྲེལ་ཏེ་སྤྱི་དོན་སྒྲུབས།།

སྤྱོད་ངན་རྣམ་གཡེང་མ་བྱེད་མདུན་ལམ་ཚོལ།།

Back

Search site

© 2012 All rights reserved. No information or images from this website can be copied or used for any purpose without permission from "KonchoK..com

དཀོན་མཆོག་བོད་རང་བཙན་དྲ་ཚིགས།