དྲང་བདེན་མིན་པའི་ཁྲིམས་ཆད།

05/11/2008 19:48

 

ད་ལོའི་ཞི་རྒོལ་ཁྲོད་ཞུགས་པའི་གཞིས་བཞུགས་རྒྱལ་གཅེས་དཔའ་བོ་གང་མང་ཞིག་ལ་བདེན་པ་ར་སྤྲོད་དང༌། དཀར་ནག་ཁྲིམས་བཤེར་བྱེད་དབང་མེད་པར་ཁུལ་དང་རྫོང་རིམ་པའི་ཁྲིམས་ཁང་གིས་ཉིན་འདི་འགར་ཁྲིམས་ཐག་གཅོད་ཀྱིན་ཡོད་འདུག

འདི་གར་གནས་ཚུལ་མཁོ་སྤྲོད་བྱས་དོན་ལྟར་ན། སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ། དར་མདོ་རྫོང་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་སྤྱི་ཟླ་ ༡༠ ཚེས་ ༢༨ ཉིན་གསེར་རྟ་རྫོང་ནས་ཡིན་པའི་བོད་མི་ཞིག་ལ་ལོ་ ༡༠ ཡི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་ཀྱང༌། ད་ཆར་མི་དེའི་མིང་གསལ་ཁ་བྱུང་མི་འདུག ཕྱི་ཚེས་ ༢༩ ཉིན་དཀར་མཛེས་རྫོང་གདོང་ཐོག་དགོན་གྱི་གྲྭ་ཤེས་རབ་བཟང་པོ་ལ་ལོ་ ༦ གི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་དང༌། ཁོང་སི་ཁྲོན་ཞིང་ཆེན་དཀར་མཛེས་ནང་བསྟན་བསྟན་སློབ་གླིང་གི་སློབ་བུ་ཡིན་ཞིང་ད་ལོ་རང་ལོ་ ༢༦ ཡིན་འདུག གྲྭ་ཤེས་རབ་བཟང་བོས་ད་ལོའི་ཕྱི་ཟླ་གསུམ་པའི་ཚེས་ ༢༦ ཉིན་དར་རྩེ་མདོ་རུ་རས་གཞི་ཞིང་ཚད་ཕི་ཊི་ ༩ ཅན་ཞིག་གི་སྟེང་བོད་ཀྱི་རྒྱལ་དར་བྲིས་ཏེ། སྤྱི་ལེ་ ༢༨༠ ཙམ་སྐོར་སྐྱོད་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་སྐད་འབོད་བྱས་ཡོད་པ་དང༌། ཁོང་ལ་ཁྲིམས་གཅོད་སྐབས་འབྲེལ་ཡོད་ལས་བྱེད་ནས། ཁྱོད་ཀྱིས་ངོ་རྒོལ་བྱེད་དོན་ཅི་ཡིན། ད་ལྟ་ག་རེ་བསམ་གྱིན་འདུག་སོགས་དྲིས་པར་ཁོང་གིས། ང་གྲྭ་བ་ཞིག་ཡིན། ཆུང་དུས་ནས་རྒྱལ་བ་རིན་པོ་ཆེ་མ་གཏོགས་བསམ་རྒྱུ་མེད་ལ། ད་ལྟ་དང་མ་འོངས་པ། མི་ཚེ་འདིར་དེ་རང་ལས་བསམ་རྒྱུ་ཅི་ཡང་མེད། ཅེས་ལན་བརྒྱབས་ཡོད་འདུག

ཡང་ཕྱི་ཚེས་ ༢༩ དང་ ༣༠ གང་ཡིན་གསལ་ཁ་མ་བྱུང་ཡང༌། ཕ་ཡུལ་དཀར་མཛེས་ནས་ཡིན་པའི་མིང་ལ་བློ་དགའ་ཞུ་བ་ཞིག་བྲག་མགོ་རྫོང་གི་ཁྲིམས་ཁང་ལ་ཁྲིད་དེ། ད་ལོའི་ཞི་རྒོལ་ཁྲོད་ཞུགས་ཡོད་པའི་ཉེས་མིང་འོག ལོ་ ༣ གྱི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་འདུག ཕྱི་ཚེས་ ༣༠ ཉིན་དཀར་མཛེས་གསེར་ཆུ་སྟེང་ནས་ཡིན་པའི་དངོས་དགའ་ལ་ལོ་ ༨ དང༌། དཀར་མཛེས་གྲུ་ཁང་སྟེང་ལ་མག་པར་ཡོང་བ་ནོར་བུ་ཚེ་རིང་ལ་ལོ་ ༧ བཅས་ཀྱི་ཁྲིམས་ཐག་བཅད་ཡོད་འདུག དངོས་དགའ་ད་ལོ་རང་ལོ་ ༥༣ དང་ནོར་བུ་ཚེ་རིང་རང་ལོ་ ༤༩ ཡིན་འདུག ཁོང་གཉིས་ཉིན་དེའི་སྔ་དྲོ་ཆུ་ཚོད་ ༩ བའི་ཐོག་ཁྲིམས་ཁང་ལ་ཁྲིད་དེ། ཁྲིམས་དཔོན་སོགས་མི་ ༢༠ ཙམ་གྱིས་ཁྲིམས་བཤེར་བྱེད་ཁུལ་བྱས་ཡོད་ཀྱང༌། ཁོང་ཚོའི་ཁྲོད་སྐད་སྒྱུར་བ་གཅིག་ལས་གཞན་ཚང་མ་རྒྱ་རིགས་ཡིན་འདུག སྐབས་དེར་ཁོང་གཉིས་ལ་ངོ་རྒོལ་བྱེད་དོན་ཅི་ཡིན་དང༌། དམིགས་ཡུལ་ཅི་ཡོད་སོགས་ཚ་འདྲི་བྱས་སྐབས་དངོས་དགའ་ཡིས། ང་ཚོས་དེ་ལྟར་བྱས་དོན། པཎ་ཆེན་ཆུང་སྲིད་མཆོག་ཀློད་གྲོལ་དང༌། ༧རྒྱལ་བ་རིན་པོ་ཆེ་བོད་དུ་གདན་འདྲེན་ཞུ་ཆེད་ཡིན་ལ། བོད་མི་དམངས་ཙམ་མ་ཟད་སེམས་ཅན་དབུགས་ཐོག་ཡོངས་ལ་ཞི་བདེ་དང་རང་དབང་ཐོབ་ཆེད། ཞི་བའི་སྐད་འབོད་དང་ཡིག་ཆ་འགྲེམས་སྤེལ་བྱས་པ་ཡིན། མེར་བསྲེག་གཏོང་བ་དང༌། སྤྱི་ཚོགས་ལ་གཏོར་བཤིག་གི་ནག་ཉེས་གང་ཡང་བསགས་མེད་ཀྱང༌། ཉེས་མེད་བཙོན་འཇུག་གིས་དུས་ཡིན་རིང་པོར་མི་སྤྱོད་ལས་འདས་པའི་རྡུང་རྡེག་མནར་གཅོད་བྱས་ཏེ། ད་ལྟ་ཤི་གསོན་གྱི་ཚོར་བ་ཅི་ཡང་མི་འདུག ཅེས་བརྗོད་ཡོད་ཡོད་པ་དང༌། ནོར་བུ་ཚེ་རིང་གིས་ཀྱང་དེ་མཚུངས་མང་པོ་ཞིག་བཤད་ཡོད་འདུག ཁོང་གཉིས་ལ་ཁྲིམས་གཅོད་སྐབས་ཁྲིམས་ཁང་གི་ཕྱི་རོལ་དམག་གིས་བསྐོར་ཏེ་དམ་དྲག་ཤུགས་ཆེན་བྱས་ཏེ། མི་གཅིག་ལའང་དངོས་ཡོད་གནས་ཚུལ་ར་སྤྲོད་ཀྱི་གོ་སྐབས་མ་སྤྲད་པར། ཉིན་གུང་ཆུ་ཚོད་ ༡༢ ཐོག་ཁྲིམས་ཐག་དངོས་སུ་བཅད་ཟིན་པའི་ཁྱབ་བསྒྲགས་བྱས་ཡོད་འདུག

དངོས་དགའ་ནི་དཀར་མཛེས་རྫོང་འོག་གི་མི་ཚང་མས་བློ་བཏད་ཆ་འཇོག་ཆེན་པོ་ཡོད་མཁན་ཞིག་ཡིན་ཞིང༌། དུས་རྒྱུན་༧རྒྱལ་བ་རིན་པོ་ཆེ་ལ་དད་དམ་གཡོ་བ་མེད་པ་ཞིག་ཡིན་འདུག ད་ལོའི་སྤྱི་ཟླ་ ༣ ཚེས་ ༡༨ ཉིན་དཀར་མཛེས་རྫོང་དུ་ཞི་རྒོལ་བྱས་སྐབས་དངོས་དགའ་དང་ནོར་བུ་ཚེ་རིང་གཉིས་ཀྱིས་ཡིག་ཆ་མང་པོ་འགྲེམས་སྤེལ་དང་མི་དམངས་སྣེ་ཁྲིད་བྱས་ཡོད་པ་དང་སྐབས་དེར་དངོས་དགའ་ལ་རྨས་སྐྱོན་ཡང་ཕོག་ཡོད་འདུག ཁྲིམས་ཐག་བཅད་རྗེས་འདོད་པ་མ་ཁེངས་པའམ་ཁྲིམས་གཅོད་དྲང་པོ་མ་བྱུང་བའི་བསམ་ཚུལ་ཡོད་ན། སྤྱི་ཟླ་ ༡༡ པའི་ཚེས་ ༡༠ ནང་ཚུད་བསྐྱར་དུ་ཞི་གཏུགས་བྱ་ཆོག ཅེས་འབྲེལ་ཡོད་ལས་བྱེད་ཀྱིས་བརྗོད་ཡོད་ཀྱང༌། དེ་སྔོན་བཀག་ཉར་སྐབས་ནང་མི་གཉེན་འབྲེལ་ཚོས་ཐེངས་མང་ཞུ་གཏུགས་དང་ཁྲིམས་བཤེར་གྱི་ལམ་ཁ་བཙལ་ཡང་བཙན་པོ་དབང་ཡོད་ཀྱིས་དོན་འབྲས་གང་ཡང་སོན་མི་འདུག

དཀར་མཛེས་རྫོང་ཁོངས་ནས་འཛིན་བཟུང་བྱས་པ་དག་དཀར་མཛེས་ཁུལ་འོག་གི་བཙོན་ཁང་གཞན་ལ་ཆ་བགོས་བྱས་ཡོད་འདུག་ལ། དར་རྩེ་མདོའི་ཁྲིམས་ཁང་ནང་ད་ལོའི་དོན་རྐྱེན་ཁྲོད་འཛིན་བཟུང་བྱས་པའི་མི་ ༡༧༠ ཙམ་བཀག་ཉར་བྱས་ཡོད་པ་དང༌། དེ་དག་ལའང་རིམ་པ་བཞིན་ཁྲིམས་གཅོད་བྱ་རྒྱུ་ཡིན་འདུག

Back

Search site

© 2012 All rights reserved. No information or images from this website can be copied or used for any purpose without permission from "KonchoK..com

དཀོན་མཆོག་བོད་རང་བཙན་དྲ་ཚིགས།