དུས་ཚོད་ཀྱི་བསླུ་བྲིད།

16/12/2009 20:28

                 དུས་ཚོད་ཀྱི་བསླུ་བྲིད།

༡༽ དུས་ཚོད་ཀྱི་འགྲེ་ལྡོག་ཐེངས་ཤིག་གིས་བར་དོའི་འཕྲང་ལམ་ན་འཁྱགས་ཀྱིས་བསྡམས་པའི་གོ་ལ་འདི་ཉིད་

འཕྲུལ་སྣང་གི་གཉིད་ལས་བསླངས་ཏེ།  ཕྱོགས་གང་སར་འཇིག་རྟེན་གསར་པ་ཞིག་གི་དྲོད་རླངས་འཕྱུར་བས།

རྩུབ་མཁྲེགས་ཀྱི་ས་གཞིས་སྣུམ་ཤིག་ཤིག་གི་དགོད་འཛུམ་སྟོན་དུས། ང་རང་ཅི་ཡིན་འདི་ཡིན་མེད་པར་འཇིག་

རྟེན་གྱི་གྲུ་ཟུར་ཞིག་ཏུ་བསྐྱུར། དེ་ནི་ཆ་མི་སྙོམས་པའི་ནམ་ཟླ་འདིར་ངའི་ཆེས་ཐོག་མའི་ངུ་འབོད་ཀྱི་དབྱངས་

རྟ་ཡིན། རི་ལུང་དང་ལམ་འགྲམ་གྱི་གཡས་གཡོན་གང་སར་རྩི་ཤིང་དང་། ལྗང་སྨྱུག་གི་ཁྱེའུ་རྣམས་རྣམ་རྟོག་གི་

ཡོབ་བ་བསྐྱུར་ཏེ་རང་བྱུང་ཁམས་ཀྱི་མཁའ་རླུང་དང་།  ཉི་ཟླ་སྐར་གསུམ་གྱི་འོད་སྣང་ལ་རེ་སྨོན་དང་།  འབྱུང་

འགྱུར་གྱུ་ཕུག་བསམ་བཅོལ་ཏེ་སྨག་མུན་གྱི་རུམ་ལས་མགོ་བོ་གྱེས་ཤིང་ལྷད་མེད་ཀྱི་རང་གཤིས་ངོམ་དུས། ངས་

ཀྱང་ཀྱག་ཀྱོག་གི་གོག་འགྲོས་ལ་བརྟེན་ཏེ་གྲུང་རིལ་རིལ་གྱི་མིག་ཟུང་དགུང་སྔོན་དབྱིངས་སུ་ཅེར་ཞིང་། མཚར་

དུ་དངར་བའི་མུ་ཏིག་གི་སོ་ཕྲེང་དྭངས་གཙང་གི་སེམས་འགྱུ་མཚོན་བྱེད་དུ་བསྟན།  མཚོན་མདོག་གིས་མ་

གོས་པའི་བྱིས་དུས་ཀྱི་སེམས་པ་ནི་ཇི་འདྲའི་དྭངས་ཤིང་གཙང་བ་ལ་ཨང་།   ཡིན་ནའང་། ངུ་དགོད་དང་

རོལ་རྩེད་ཀྱི་ཁྲོད། ཆར་ཤུལ་གྱི་མཇལ་མཚོན་བཞིན་སྐད་ཅིག་ཉིད་དུ་ཡལ་སོང་།

༢༽  ཞོགས་པའི་མཁའ་རླུང་དྭངས་ཤིང་གཙང་ལ། ཉི་མ་ནག་མུག་མུག་གི་སྤྲིན་གསེབ་འོག་དལ་འགྲོས་ཀྱིས་

ཆས་བཞིན་འདུག  རྫི་བོ་རྣམས་གཡང་དཀར་ལུ་གུ་དང་ནོར་ནག་གི་སུག་བཞིའི་ཁྲོད།  ལ་ལ་གླུ་དབྱངས་

ལེན་བཞིན། ལ་ལ་ངར་སྐད་ཀྱི་ཀི་སྒྲ་འཐེན། སྐབས་དེ་དུས་ང་རང་ནི་དཔེ་ཁུག་རྒྱབ་ཏུ་ཁུར་ནས་སློབ་གྲྭར་

སྐྱོད་པ་དང་།     ཞིང་ཆུང་གྲུ་བཞིའི་ནང་སྙེ་མའི་མགོ་ལྕོག་ལྡེམ་སྐབས་ལག་ཏུ་འུར་རྡོ་དང་འགྱིག་མདའ་

བཅངས་སྟེ།  གྲོང་པ་ཡས་མས་ཀུན་ལ་འཁྲུགས་པ་སློང་བ་དང་།  དྲིན་ཅན་གྱི་སྐྱེས་མར་ཁ་ལོག་རྒྱག་པ།  ཕྱི་

ནང་གི་ངོ་མདོང་འདྲ་མིན་སྟོན་ཤེས་ལ།  མངར་སྐྱུར་གྱི་ལྕེ་ཡང་གཡོ་ཤེས། ངའི་མགོ་ཐོག་ཏུ་མི་དངོན་པར་

ལྷུང་བ་ནི་དབྱར་གཞུང་གི་ལང་ཚོ་ཡིན།  དྲི་མེད་ཀྱི་ནམ་མཁར་ངོ་ནག་གི་ཆུ་འཛིན་འཚུབ་ཅིང་། རི་མགོ་

གང་སར་སྨུག་པ་ཡི་ཡོལ་རས་སྲབ་མོ་ཞིག་གིས་ཡོངས་སུ་བཀབ་འདུག  ཞིང་ཐང་དང་། ལྕང་གླིང་། ནགས་

འཚལ་གང་སར་མིང་མི་ཤེས་པའི་མེ་ཏོག་སྣ་ཚོགས་དང་། ད་དུང་རྩ་ལྡུམ་དང་། ཚེར་མ།   དུག་ཤིང་གིས་

ཁེངས། གློ་བུར་གློ་བུར་དུ་བདུད་ནག་གི་གློག་དམར་འཁྱུག་ཅིང་།   ཐོག་སེར་དང་ཤ་འོད་ཀྱི་ངམ་ཟིལ་ཧ་

ཅང་ཆེ། ང་རང་ཟང་ཟིང་དང་མཚོ་བའི་རྦ་རླབས་ཁྲོད་འདི་ལྟ་བུའི་ལྗང་མདོག་གི་འཇིག་རྟེན་ཇི་ལྟར་བཞུད་

ཟིན་པ་མི་ཤེས་ལ། འདིའི་ཐད་བསམ་གཞིགས་ཀྱང་གཏན་ནས་བྱེད་ཁོམ་མ་བྱུང་། 

༣༽  དབྱར་དུས་དྲག་ཆར་གྱིས་བརྡུངས་ཤིང་། ཉི་འོད་ཀྱིས་བསྲེགས་ཏེ་སྐྱེས་དངོས་དང་། རང་བྱུང་གི་ས་ཁམས་

ཆེན་པོ་འདི་དག   ངལ་དུབ་ཀྱིས་རྔུལ་ཆུ་བཞུར་དྲག་པས་ལྗང་མདོག་གི་ལྭ་བར་གསེར་ཐིག་ལྷུང་། མཛེས་

སྡུག་གི་མེ་ཏོག་མཁའ་ཏུ་ཐིམ།     ལྗོན་རྩེ་ནས་འཕུར་འོངས་བའི་སྡོང་ལོ་སེར་པོས་སྲང་ལམ་བསྒྲིབས་ཤིང་།  

ངའི་མཐའ་འཁོར་གྱི་མི་ཚོགས་ལྟར།  རྙིང་སོང་བའི་ལོ་མ་རྣམས་ལྷག་རླུང་གི་རྒྱུ་ཕྱོགས་བཞིན་ཟློས་གར་བའི་

ལད་མོ་བྱེད། དུས་ཚོད་ཀྱིས་སྨིན་པའི་ནས་ཞིང་དང་། གྲོ་ཞིང་རྣམས་ན་རྒས་ཀྱིས་ཤུན་པ་བསྐམས་ཤིང་མགོ་

བོ་ཐུར་དུ་འཕྱང་། སྐབས་དེ་དུས་ངའི་མིག་ཟུང་གི་མཐའ་དང་། ཐོད་པ་ན་ཤར་ཤུར་གྱི་གཉེར་མའི་ཆུ་རིས་

མངོན་པར་གསལ། ངའི་ཕྲག་སྟེང་ན་ལྷུང་བའི་སྐྲ་ལོ་ཡི་ཚོགས་ལ་དཀར་སིང་སིང་གི་ན་བུན་འགའ་བབས་

འདུག  མི་ཚོགས་རྣམས་སྟོན་འབྲས་བསྡུ་བ་དང་།  གཡུལ་གཅོག་པར་ག་ཅང་གིས་ལས་བྲེལ་ཆེ། ངས་ཀྱང་

ཆ་མི་སྙོམས་པའི་ལན་ཆགས་ཀྱི་གཅེས་ཕྲུག་འགའ་ཁྲིད་དེ་ཚེས་གསུམ་གྱི་ཟོར་བ་ལུག་ཏུ་བཅངས་ནས་གསེར་

མདོག་གི་ནས་ཞིང་བྲེག་པར་ཕྱིག

༤༽  ངོ་མ་ང་རང་དུས་ཚོད་ཀྱི་མཐའ་ལ་ཧད་དེ་ལུས། ལུས་སུག་འཁྱོག་ལ་སྨྲ་ལྕེ་ལྡིབ། མིག་དབང་ཉམས་ཤིང་

དུང་མདོག་གི་སྐྲ་ལོ་དང་ཆུ་ངོགས་ཀྱི་ས་གཞི་ཆེན་པོ་འདི་ཀོ་སྐྱ་ཐག་གེར་ངའི་འོག་ཏུ་སླེབས་པ་ཅི་ཡང་མ་

ཚོར། ཁ་བ་དང་བུ་ཡུག་གི་ཁྲོད། ཁྲུང་ཁྲུང་དང་འདབ་ཆགས་ཚོགས་རྣམས་ཕྲེང་བསྟར་བསྒྲིགས་ཏེ་ཚང་མལ་

དུ་ལོག་ཅིང་། སྐྱ་ཁྲ་འགའ་སྒྲེན་པོར་གྱུར་བའི་ལྗོན་རྩེ་ནས་སྐད་ངན་འདོན་བཞིན་རླུང་འཚུབ་ཀྱི་དེད་དེ་

གཤོག་པ་ལྷེབ་ཙམ་ལྷེབ་ཙམ་བྱེད།  ཤབ་ཤུབ་ཏུ་འཇབ་འོངས་བའི་དུས་ཚོད་ཀྱི་བསླུ་བྲིད་སྐྱེན་པོ་འདིས་

འཇིག་རྟེན་གྱི་མཛེས་སྡུག་མ་ལུས་པ་ཁྱུར་མིད་བྱས།  དེ་བས་ངའི་བྱིས་དུས་དང་།  གཞོན་དར་གྱི་ལང་ཚོ་

མིག་རྡེབ་ཀྱི་ཡུན་ལ་གསལ་ཆ་ཅི་ཡང་མེད་བརྐུས་སོང་།  ང་རང་གཡོ་འཁྱོག་གི་འཇིག་རྟེན་འདིར་ཇི་ལྟར་

སླེབས་མིན་མི་ཤེས་པར་། མི་ཚེ་དང་། རེ་སྨོན། རྨི་ལམ། སྟོང་འདང་གི་སྲུབས་ཀ་ནས་ན་རྒས་ཀྱི་མགྲོན་པོ་

ཞིག་གསལ་ལ་མི་གསལ་བའི་ཀྱག་ཀྱོག་གི་ལམ་ཕྲན་ཞིག་ནས་ཁེར་རྐྱང་དུ་བཞུས་སོང་་་་་་་་་་་་་་་་་་་་།། །།

                                                              སྤྱི་ལོ་༢༠༠༩། སྤྱི་ཟླ་༡༢ ཚེས་༡༦ དགོང་མོར་བྲིས།། 

Back

Search site

© 2012 All rights reserved. No information or images from this website can be copied or used for any purpose without permission from "KonchoK..com

དཀོན་མཆོག་བོད་རང་བཙན་དྲ་ཚིགས།