དུར་ཁྲོད་དུ་ཟླ་བ་གྲཊ་པར་མྱ་ངན

03/02/2012 09:47

 

གསེར་རྟ་བླ་རུང་སྒར་གྱི་དུར་ཁྲོད་དུ་ཟླ་བ་གྲཊ་པར་མྱ་ངནཞུས།


ཁ་སང་ཕྱི་ཚེས་ ༡ ཉིན་གསེར་རྟ་བླ་རུང་སྒར་གྱི་དུར་ཁྲོད་དུ་སེར་སྐྱ་མི་མང་འདུ་འཛོམས་ཀྱིས་ཉེ་ལམ་གསེར་རྟ་རྫོང་ཐོག་ཏུ་རྒྱ་གཞུང་ལ་ཞི་བའི་ངོ་རྒོལ་སྐབས། རྒྱ་དམག་གིས་དམར་གསོད་བཏང་བའི་རྒྱལ་གཅེས་དཔའ་བོ་ཟླ་བ་གྲགས་པ་ལགས་སུ་མྱ་ངན་བསྔོ་སྨོན་གནང་ཡོད་འདུག བསྔོ་སྨོན་སྐབས་འདྲ་པར་ཆེན་པོ་ཞིག་གི་འོག་ཏུ་ “ ༢༠༡༢ ལོའི་ཕྱི་ཟླ་ ༡ ཚེས་ ༢༤ ཉིན་བོད་རང་དབང་གི་ཆེད་དུ་སྐུ་སྲོག་ཤོར་བའི་མདོ་ཁམས་གསེར་རྟའི་རྒྱལ་གཅེས་དཔའ་བོ་ཟླ་བ་གྲགས་པ་ཐུགས་རྗེའི་འཛིན་པར་ཞུ ” ཞེས་འཁོད་ཡོད་པ་རེད།

 

དོ་ནུབ་གནས་ཚུལ་འབྱོར་བ་ལྟར་ན། ཟླ་སྔོན་མའི་ཕྱི་ཚེས་ ༢༣ ཉིན་དཀར་མཛེས་ཁུལ་གསེར་རྟ་རྫོང་ཐོག་ཏུ་རྒྱ་ནག་གཞུང་ལ་ངོ་རྒོལ་གྱིས་རང་ལུས་མེར་བསྲེགགཏོང་རྒྱུ་ཡིན་པའི་ཡིག་ཆ་ཞིག་བཀྲམ་ཡོད་པར་བརྟེན། ཉིན་དེར་བོད་མི་མང་པོ་རྫོང་ཐོག་ཏུ་འཛོམས་ཏེ། ངོ་རྒོལ་བྱེད་མཁན་གྱི་ཕུང་པོ་རྒྱ་ནག་གཞུང་གི་ལག་ཏུ་མ་ཤོར་བ་བྱེད་དགོས་སྐོར་བརྗོད་ཡོད་པ་དང་། རྒྱ་ནག་གཞུང་ངོས་ནས་ཀྱང་དྲག་གནོན་བྱེད་རྒྱུ་གྲ་སྒྲིག་ཆ་ཚང་བྱས་ཡོད་འདུག་ཀྱང་། ཉིན་དེར་ཛ་དྲག་གི་གནས་ཚུལ་བྱུང་མེད་མོད། ཕྱི་ཚེས་ ༢༤ ཉིན་མི་མང་གིས་གཞུང་ལ་ངོ་རྒོལ་སྐད་འབོད་བྱས་སྐབས། རྒྱ་ནག་གི་ཉེན་རྟོག་ས་མི་མང་ཁྲོད་མེ་མདའ་བརྒྱབ་སྟེ། གསེར་རྟརྫོང་ཤོ་རེབ་གྲོང་ཚོའི་རང་ལོ་ ༢༥ ཡིན་པའི་ཟླ་བ་གྲགསཔ་དམར་གསོད་བཏང་ཡོད་པ་དང་། དབོན་བཟའ་སྡེ་བའི་རང་ལོ་ ༣༥ ཡིན་པའི་པོ་པོ་ལགས་སུ་མེ་མདའ་ཕོག་སྟེ་ས་རུ་འགྱེལ་མ་ཐག་ཉེན་རྟོག་པས་བཙན་འཁྱེར་བྱས་ཡོད་ཀྱང་། མང་ཚོགས་ཀྱིས་ཁོང་འདས་གྲོངས་སུ་སོང་ཡོད་པར་ཚོད་དཔག་བྱེད་ཀྱིན་ཡོད་འདུག གཞན། ཉིན་དེར་མི་ཧ་ཅང་མང་པོར་རྨས་སྐྱོན་དང་མི་ ༣༠ ཙམ་འཛིན་བཟུང་བཙན་འཁྲིད་བྱས་ཡོད་འདུག  

 

ཉིན་དེརམེ་མདའ་ཕོག་སྟེ་ས་ལ་འགྱེལ་པ་རྣམས་དེ་མུར་རྒྱ་དམག་གིས་རེ་རེ་བཞིན་བཙན་ཁྱེར་བྱས་ཡོད་སྟབས། ཤི་རྨས་ཀྱི་གནས་ཚུལ་གསལ་བོ་ཤེས་ཐུབ་མེད་ཀྱང་། ས་གནས་མི་མང་ཚོས་ཉུང་མཐར་མི་གསུམ་བཞི་ཞིག་བསད་ཡོད་པར་ཚོད་དཔག་བྱེད་ཀྱིན་ཡོད་འདུག་ལ། ཉིན་དེར་དྲག་ཆས་དམག་མི་སླེབས་ཏེ་རྫོང་ཐོག་གི་ཟ་ཁང་དང་ཚོང་ཁང་ཚང་མ་སྒོ་རྒྱག་བཅུག་སྟེ་མི་མང་ཕྱིར་འཐོན་བཅུག་མེད་པ་དང་། ཁྲོམ་གཞུང་གི་མི་མང་ཁྲོད་གང་བྱུང་དུ་མེ་མདའ་རྒྱག་པ་དང་འཛིན་བཟུང་བྱེད་པ། རྡུང་རྡེག་ཚད་ལས་བརྒལ་བ་གཏོང་བ་སོགས་བྱས་ཡོད་ཅིང་། ཉིན་དེར་ཚོང་ཁང་དང་ཟ་ཁང་འགར་གཏོར་བཤིག་བཏང་ཡོད་འདུག་ལ། རྨས་མ་ཚོར་སྨན་བཅོས་ཀྱི་མཐུན་རྐྱེན་མེད་པའི་དཀའ་ངལ་ཡང་འཕྲད་བཞིན་ཡོད་པ་རེད།

 

ཕྱི་ཟླ་ ༡ ཚེས་ ༡༦ ཉིན་དཀར་མཛེས་ཁུལ་གསེར་རྟ་རྫོང་ཞོ་རོག་སྡེ་པའི་གྲྭ་བ་གཉིས་ཀྱིས་གསེར་རྟ་རྫོང་དཀྱིལ་དུ་ཡོད་པའི་གསེར་རྟའི་མདུན་ཐང་དུ་ ལྷ་རྒྱལ་ལོ། ༧རྒྱལ་བ་བསྟན་འཛིན་རྒྱ་མཚོ་སྐུ་ཚེ་ཁྲི་ལོ་བརྟན་པར་ཤོག ” ཅེས་སོགས་ཀྱི་སྐད་འབོད་རྒྱག་བཞིན་རླུང་རྟ་གཏོར་ཏེ་རྒྱ་གཞུང་ལ་ངོ་རྒོལ་བྱས་སྐབས།རྒྱགཞུང་གི་ཉེན་རྟོག་པ་འབྱོར་ཏེ་ཁོང་གཉིས་འཛིན་བཟུང་བྱས་སྐབས། ཉེ་འཁོར་གྱི་བོད་མི་མང་པོ་འདུ་འཛོམས་བྱུང་སྟེ་སྐད་འབོད་ངོ་རྒོལ་བྱས་ཡོད་པ་མ་ཟད། གྲྭ་པ་དེ་གཉིས་ཉེན་རྟོག་པའི་ལག་ནས་ཚུར་འཕྲོགཡོད་འདུག སྐབས་དེ་ནས་བཟུང་ཉེན་རྟོག་དང་དམག་མི་མང་དུ་བཏང་སྟེ་རྫོང་གི་སྲིང་ལམ་ཀུན་དུ་དྲག་ཆས་དམག་མི་འགྲེམས་འཇོག་གིས་དམ་དྲག་ཤུགས་ཆེན་བྱས་ཡོད་འདུག

 

དེ་བཞིན། ཟླ་ ༡ པོའི་ཚེས་ ༢༢ ཉིན་གསེར་རྟ་རྫོང་ཁོངས་ཤོལ་སྟོད་མའི་དོན་ཡོད་ཉི་མ་དང་ཤོལ་སྨད་མའི་དགེ་འདུན་གཉིས་ཀྱིས་བོད་རྒྱལ་ལོ་ཞེས་སྐད་འབོད་ཅིག་བྱས་པར་ཉེན་རྟོག་པས་འཛིན་བཟུང་གཅར་རྡུང་དྲག་པོ་བྱས་ཏེ། དོན་ཡོད་ཉི་མའི་ལག་གཡས་པ་བཅག་ཡོད་པ་རེད།།

 


Back

Search site

© 2012 All rights reserved. No information or images from this website can be copied or used for any purpose without permission from "KonchoK..com

དཀོན་མཆོག་བོད་རང་བཙན་དྲ་ཚིགས།