དབུ་མའི་ལམ་

30/07/2009 15:40

༸གོང་ས་མཆོག་རྒྱབ་ཤེད་དུ་ཁུར་ནས་དབུ་མའི་ལམ་སྨྲ་མཁན་ཚོར།

 

རྩོམ་པ་པོ།  འཇིགས་བྲལ་བསྟན་འཛིན།  བོད་ཀྱི་དུས་བབ་ཟིན་བྲིས་ནས་ཤུས།

དབུ་མའི་ལམ་ནི་བོད་ཀྱི་གནད་དོན་ཐག་གཅོད་བྱེད་ཆེད་བཏོན་པའི་ཆབ་སྲིད་ཀྱི་ཐབས་ལམ་ཞིག་ཡིན་མིན་ལ་

བོད་མི་ཚོས་དོགས་པ་གང་ཡང་བྱེད་མི་སྲིད་ལ། བོད་མི་ཕལ་ཆེ་བ་དབུ་མའི་ལམ་གྱི་རྗེས་འབྲངས་པ་ཆགས་ཡོད།

 ཡིན་ནའང་བོད་མི་མང་ཆེ་བས་དབུ་མའི་ལམ་གྱི་གཞི་ལམ་འབྲས་གསུམ་གྱི་འགྲོ་སྟངས་གང་ཡང་ཁུངས་འཁྱོལ་

བ་ཤེས་ཀྱི་མི་འདུག   ཐ་ན་བཀའ་བློན་དང་། སྤྱི་འཐུས་མི་ཉུང་བ་ཞིག་གིས་ཀྱང་དབུ་མའི་ལམ་འགྲེལ་བཤད་

སྐྱོན་སྐབས་༸གོང་ས་མཆོག་གི་དགོངས་གཞི་ཡིན་པས་ཤར་བསྐྱོད་བྱེད་དགོས་ཚུལ་དང་།  

དབུ་མའི་ལམ་ལ་ཤར་བསྐྱོད་མ་བྱས་པ་ཡིན་ན་༸གོང་ས་མཆོག་གི་དགོངས་པ་དང་འགལ་ཚུལ་སོགས་གསུངས་

ཏེ་ཆབ་སྲིད་ཀྱི་ཤེས་ཚད་ཧ་ཅང་སྐྱོ་བའི་མི་མང་ནང་ང་དབུ་མ་དང་། ཁོ་རང་བཙན་ཟེར་ནས་ཕྱོགས་ཁག་བཟོས་

པ་བརྒྱུད་མི་མང་ལ་དཀའ་ངལ་སྤྲོད་ཀྱི་འདུག   དེ་ཡང་བསྒྲུབ་བྱ་དབུ་མའི་ལམ་བཤད་སྐབས་སོ་སོའི་བཤད་པ་

ཡང་དག་པ་ཡིན་པའི་སྒྲུབ་བྱེད་དུ་༸་གོང་ས་མཆོག་རྒྱབ་ཤེད་དུ་འདྲེན་པ་དང་།  དབུ་མའི་ལམ་གྱི་སྒྲུབ་བྱེད་འཚེ་

མེད་ཞི་བ་གླེང་སྐབས་འཚེ་མེད་ཞི་བའི་ལམ་ནས་ལས་འགུལ་སྤེལ་ཕྱོགས་མི་གསུངས་པར་ནང་ཆོས་ངོ་སྤྲོད་བྱེད་པ་

༼བཀའ་བློན་ཐུབ་བསྟན་ལུང་རིགས་དང་འདྲ་བའི་མི་སྣ་སྐོར་ཅིག༽སོགས་ལས་ལྷག་པའི་དབུ་མའི་ལམ་ལ་འགྲེལ་བཤད་

གནང་ཐུབ་ཀྱི་ཡོད་མ་རེད།   ཁོང་ཚོའི་བརྗོད་དོན་མདོར་བསྡུས་ན། དབུ་མའི་ལམ་ཡག་པོ་རེད།   གང་ཡིན་ཟེར་

ན།   དབུ་མའི་ལམ་༸གོང་ས་མཆོག་གི་ལྟ་གྲུབ་རེད་ཟེར་གྱི་ཡོད།  དོན་དངོས་སུ་གསུང་སྟངས་འདི་དབུ་མའི་ལམ་

གྱི་འགྲེལ་བཤད་ཡིན་ནམ། ཡང་ན་དབུ་མའི་ལམ་ལ་འགྲེལ་བཤད་གཞན་ཞིག་ཡོད། འཚེ་མེད་ཞི་བའི་ལམ་གྱི་ལས་

འགུལ་སྤེལ་ཕྱོགས་དེ་ནང་ཆོས་ངོ་སྤྲོད་བྱས་ན་ཡོང་བ་ཞིག་ཡིན་དང་མིན། གལ་གནད་ཆེ་བའི་དྲི་བ་འདི་བསམ་བློ་

ཞིབ་ཚགས་པོའི་ཐོག་ནས་གཏོང་དགོས་པ་ཞིག་རེད་བསམ་གྱི་འདུག   ད་དུང་ང་ཚོའི་མདུན་དུ་དྲི་བ་ཞིག་ལྷག་

ཡོད་པ་ནི། དོན་དངོས་སུ་དབུ་མའི་ལམ་གྱི་ལྟ་གྲུབ་འདོན་མཁན་སུ་ཡིན་མིན་གལ་ཆེ་བ་ཡིན་དང་།   རིམ་འགྱུར་

ཆབ་སྲིད་ཀྱི་འགྱུར་འགྲོས་འོག་ད་ལྟ་དབུ་མའི་ལམ་གྱི་ལྟ་གྲུབ་དེ་གང་འདྲ་ཞིག་ཡོད་མེད་གལ་ཆེ་བ་རེད།  

གལ་ཏེ་དབུ་མའི་ལམ་གྱི་ལྟ་གྲུབ་འདོན་མཁན་སུ་ཡིན་མིན་གལ་ཆེ་བ་ཡིན་ན།    ཁྱོད་རང་གི་ཤེས་ཚད་ཀྱི་རང་

རྟགས་བསྟན་འདུག་པས་ང་ལ་བཤད་རྒྱུ་གང་ཡང་མེད། ཡིན་ནའང་བཀའ་བློན་དང་། སྤྱི་འཐུས་ཁག་ཅིག་ལམ་

འདི་འདྲ་ཞིག་གི་ནང་དུ་ཐལ་ཆ་ཆེན་པོའི་ཐོག་ནས་འགྲོ་གི་འདུག་གམ་མི་འདུག ངའི་མིག་གིས་མཐོང་བ་དང་

རྣ་བས་ཐོས་བཞིན་གོ་ནོར་དང་རིག་ནོར་བྱུང་བ་མིན་ན།  དེང་སང་བཀའ་བློན་དང་། སྤྱི་འཐུས་མི་ཉུང་བ་ཞིག་

ཆབ་སྲིད་ཀྱི་ཕེབས་ཕྱོགས་འདི་འདྲ་རང་དུ་ཕེབས་ཀྱི་འདུག   གལ་ཏེ་ཤེས་བཞིན་མི་མང་གི་མདུན་དུ་དེ་ལྟར་

འཁྲབ་ཀྱི་ཡོད་པ་ཡིན་ན།   དྲན་སྐུལ་ཞུ་རྒྱུ་ལ། སོ་སོ་༸གོང་ས་མཆོག་གི་བཀའ་སྒྲུབ་མཁན་ཡིན་མདོག་གིས་བོད་

མི་མང་དབུ་སྐོར་མ་གཏོང་རོགས།  

ཐ་སྙད་གཞན་ཞིག་གི་ལམ་ནས་བརྗོད་ན། ༸གོང་ས་མཆོག་གི་མཚན་དམར་རྗེན་དུ་བེད་སྤྱོད་བྱས་ཏེ་སོ་སོའི་སྒེར་

དོན་མ་བསྒྲུབས་རོགས། ཡང་ཅིག་བཤད་ན།  ༸གོང་ས་མཆོག་གིས་ཐོག་མ་དབུ་མའི་ལམ་འདི་བོད་ཀྱི་དཀའ་ངལ་

སེལ་ཐབས་སུ་གྲོས་འདོན་མཛད་ཅིང་།  ད་ལྟ་བཙན་བྱོལ་བོད་གཞུང་གིས་བོད་ཀྱི་དཀའ་རྙོག་སེལ་ཐབས་ཀྱི་སྲིད་

བྱུས་སུ་གཏན་ལ་ཕབས་པའི་ཆབ་སྲིད་ཀྱི་ལྟ་གྲུབ་ཞིག་ཡིན་པས།  ད་ལྟ་༸གོང་ས་མཆོག་སྐུ་སྒེར་གྱི་དབུ་མའི་ལམ་

མ་ཡིན་པར་བཙན་བྱོལ་བོད་གཞུང་གི་དབུ་མའི་ལམ་ཡིན།

  དེར་བརྟེན་དབུ་མའི་ལམ་འདི་བཙན་བྱོལ་བོད་གཞུང་གི་ལངས་ཕྱོགས་ཤིག་ཡིན་པ་དང་། ཁྱོད་ཅག་གིས་ཀྱང་

བཙན་བྱོལ་བོད་གཞུང་གི་དབུ་མའི་ལམ་གྱི་ལྟ་གྲུབ་ལ་ངེས་པ་རྙེད་དེ་ལས་འགུལ་ཡང་སྤེལ་གྱི་ཡིན་ཟེར་གྱི་ཡོད་

པ་རེད།  ཡིན་ནའང་༸གོང་ས་མཆོག་གི་མཚན་བེད་སྤྱོད་མི་བྱེད་པར་དབུ་མའི་ལམ་དེ་ཡང་དག་པ་ཡིན་ལུགས་

ཁྱོད་ལ་དངོས་ཡོད་རྒྱུ་མཚན་གྱི་ལམ་ནས་གསལ་བཤད་བྱ་རྒྱུའི་སྤོབས་པ་ཙམ་ཡང་མི་འདུག་ན། ཁྱོད་དབུ་མའི་

ལམ་ངོ་སྤྲོད་བྱེད་མཁན་ཞིག་ཡིན་ཁུལ་བྱེད་དོན་གང་ཡིན་ང་ཚོ་ལ་དོགས་པ་སྣོན་པ་ཞིག་སྐྱེ་གཞི་ཞིག་ལས་ལྷག་

པའི་ཆབ་སྲིད་ལྟ་གྲུབ་ཀྱི་དོན་རྙིང་ཅང་འདུག་གམ། གཞན་ཡང་དབུ་མའི་ལམ་འདིའི་ནང་དུ་༸གོང་ས་མཆོག་སྐུ་

སྒེར་ལ་ཕན་པའི་ལངས་ཕྱོགས་ག་རེ་འདུག ཡིན་ནའང་རྒྱ་ནག་གཞུང་གིས་སྔ་ཕྱི་བར་གསུམ་དུ་༸གོང་ས་ཏཱ་ལའི་བླ་

མ་སྐུ་སྒེར་གྱི་གནད་དོན་ལས་བོད་མི་མང་གི་གནད་དོན་གླེང་གི་མེད། ད་ང་ཚོས་ཀྱང་༸གོོང་ས་མཆོག་གི་དབུ་མའི་

ལམ་ཟེར། ཧ་ལམ་དབུ་མའི་ལམ་རྩོད་པ་འདི་༸གོང་ས་མཆོག་ཐུགས་མཉེས་ཡོང་ཕྱིར་ཡིན་པ་ལྟ་བུ་བྱེད། འགན་ཁུར་

མེད་པའི་བྱེད་སྟངས་འདི་འཇིག་རྟེན་མི་ཆོས་ཀྱི་དབང་དུ་བྱས་ན། ཡ་རབས་ཤིག་རེད་དམ་མ་རབས་ཤིག་རེད།  

གནས་སྟངས་དེ་འདྲར་སོང་དྲི་བ་ཞུ་རྒྱུར། བོད་དང་བོད་ཀྱི་མི་མང་ཐུན་མོང་ལ་དབང་བའི་བོད་ཀྱི་ཁྲིམས་མཐུན་

སྲིད་གཞུང་གི་དབུ་མའི་ལམ་ཡིན་པར་བརྗོད་ན་༸གོང་ས་མཆོག་ལ་རྒྱབ་སྐྱོར་ཆགས་ཀྱི་འདུག་གམ་རྒྱ་ནག་སྲིད་

གཞུང་ལ་རྒོལ་ལན་ཆགས་ཀྱི་འདུག  དབུ་མའི་ལམ་ཟེར་མཁན་ཡིན་ནའང་འདྲ། རང་བཙན་ཟེར་མཁན་ཞིག་

ཡིན་ནའང་འདྲ། བོད་མི་ཞིག་ཡིན་པའི་ཆ་ནས་བཙན་བྱོལ་བོད་གཞུང་གི་ཆབ་སྲིད་ཀྱི་འཕེལ་ཕྱོགས་ལ་བལྟས་ནས་

དབུ་མའི་ལམ་ལ་དོགས་འདྲི་བྱས་ན་དེ་མ་རུང་བ་དང་མ་འོས་པ་ཞིག་རེད་དམ། དེ་འདྲའི་དྲི་བ་གཏོང་མཁན་གྱི་

བོད་མི་དེ་སྡུག་ཅག་རེད་དམ་ཡག་པོ་རེད།

 དྲི་བ་དེ་གཏོང་བའི་ཐོབ་ཐང་ཡོད་དམ་མེད།  བོད་ལ་རང་བཙན་གཙང་མའི་གནས་བབ་ཡོད་པ་དེ་དབུ་མའི་

ལམ་གྱི་ལངས་ཕྱོགས་ཁྱེར་མཁན་ཞིག་གི་ངོས་ནས་བལྟས་ན་གལ་ཆེ་ཆུང་ཅི་འདྲ་རེད། དྲི་བ་འདི་དག་གི་ལན་དེ་

དེང་སང་ང་ཡ་རབས་དང་། ང་༸གོང་ས་མཆོག་གི་བཀའ་དགོངས་སྒྲུབ་མཁན་ཡིན་ཟེར་མཁན་གྱི་བཀའ་བློན་དང་།

 སྤྱི་འཐུས་ཁག་ཅིག་གིས་གཙོས་པའི་དབུ་མའི་ལམ་དུ་འགྲོ་གི་ཡོད་ཟེར་མཁན་ཚོས་ལན་གནང་དགོས་ཀྱི་རེད་བསམ་

གྱི་འདུག     གཞན་ཡང་གོང་དྲིས་ལྟར་གལ་ཏེ་རིམ་འགྱུར་ཆབ་སྲིད་ཀྱི་འགྱུར་འགྲོས་འོག་ད་ལྟ་དབུ་མའི་ལམ་གྱི་

ལྟ་གྲུབ་དེ་གང་འདྲ་ཞིག་ཡོད་མེད་གལ་ཆེ་བ་ཡིན་ན།      ད་བར་དབུ་མའི་ལམ་ལ་འཕེལ་གྲིབ་གང་བྱུང་ཡོད་མེད་

དང་། ད་ལྟ་དབུ་མའི་ལམ་དེ་གང་ལ་ཟེར་མིན་དང་། དབུ་མའི་ལམ་དེ་ཇི་ལྟར་བོད་མི་རེ་རེ་ནས་འགན་ཁུར་བྱས་ཏེ་

སྒྲུབ་དགོས་མིན་བཅས་ལ་རྒྱུ་མཚན་ཞིབ་ཚགས་ཀྱི་ལམ་ནས་འགྲེལ་བཤད་དང་། མི་མང་གི་དོགས་འདྲིར་དངོས་ཡོད་

རྒྱུ་མཚན་དེ་དང་འདི་ཟེར་བའི་སྒོ་ནས་ལན་འདེབས་དང་། དོགས་འདྲི་གལ་གནད་ཆེ་ཁག་ཚིག་ཐོར་བཀོད་དེ་བཀའ་

སྤྱི་གཉིས་ལ་ཕུལ་ན།  ད་གཟོད་ཁྱོད་རང་དབུ་མའི་ལམ་གྱི་ལྟ་གྲུབ་ལངས་ཕྱོགས་ཁྱེར་མཁན་མིང་དོན་མཚུངས་པ་ཟེར་

བ་དེ་ཆགས་པ་རེད། དེ་ལས་ལྡོག་སྟེ་ ༸གོང་ས་མཆོག་གི་དགོངས་གཞི་དབུ་མའི་ལམ་ལ་མ་ཕྱིན་ན་བཀའ་དགོངས་

དང་འགལ་རབས་བཤད་པས་མི་མང་ལ་དབུ་མའི་ལམ་གྱི་བསྟན་དོན་གོ་རྟོགས་སད་པར་ག་རེ་ཕན་གྱི་རེད། མི་མང་ལ་

ག་རེ་ངོ་སྤྲོད་ཐོབ་ཀྱི་རེད།   ད་སྐབས་བོད་མི་མང་པོ་ཞིག་གིས་སོ་སོ་དབུ་མའི་ལམ་དུ་འགྲོ་མཁན་ཡིན་ཚུལ་བརྗོད་

ཀྱི་ཡོད་ལ། དེའི་དོན་ནི།   ང་༸གོང་ས་མཆོག་གི་བཀའ་བསྒྲུབ་མཁན་ཡིན་ཟེར་གྱི་ཡོད་པ་རེད། བོད་མི་ཚོ་འདི་

འདྲའི་ཁོར་ཡུག་ཅིག་གི་ནང་དུ་བཅུག་བཞིན་པ་འདི་༸གོང་ས་མཆོག་གི་དགོངས་གཞི་རྩ་བ་ནས་མིན་པ་ཚིག་ཐག་

བཅད་ནས་བཤད་ཐུབ་པ་ཞིག་རེད།   གང་ཡིན་ཟེར་ན།  ༸གོང་ས་མཆོག་གིས་ཕྱི་ལོ་ ༡༩༦༠ ནང་མ་འོངས་པའི་

དུས་ཡུན་ནང་བོད་ཀྱི་འཐབ་རྩོད་འདི་བོད་མི་མང་གིས་འགན་ཁུར་རྐང་ལེན་ཐུབ་པ་ཞིག་ཡོང་ཆེད་མང་གཙོའི་

ལམ་དུ་སྐབས་དེའི་བོད་མིའི་གནས་སྟངས་ལ་མི་འཚམ་བཞིན་ཨུ་ཚུགས་ཀྱིས་བསྐྱོད་བཅུག་པ་མ་རེད་དམ། 

མཐའ་དོན་ང་ཡང་དབུ་མའི་ལམ་དུ་འགྲོ་མཁན་ཡིན་ཟེར་མཁན་ཞིག་དང་།སྔ་ལོ་དབུ་མའི་ལམ་གྱི་ཐད་གཏམ་

བཤད་སྤེལ་ཏེ་ལྷོ་ཕྱོགས་གཞིས་ཆགས་ཁག་བཞིའི་ནང་བསྐྱོད་སྐབས་ཀྱི་ཉམས་མྱོང་དང་། མུ་མཐུད་དབུ་མའི་ལམ་

མི་མང་ལ་ངོ་སྤྲོད་ཐབས་སུ་བསམ་བློ་བཏང་བའི་མཇུག་མཐར། དབུ་མའི་ལམ་གྱི་ལྟ་གྲུབ་བཤད་མཁན་ཚོས་མི་

མང་ལ་འགན་མ་ཁུར་བའི་སྐྱོན་ཆ་གང་མཐོང་བ་དང་།  ཁ་གསབ་ལེགས་བཅོས་ཇི་ལྟར་དགོས་མིན་ཐད་རང་ལ་

བསམ་ཚུལ་ངེས་རྙེད་གང་བྱུང་བ་ཚིག་གཅིག་གི་ལམ་ནས་ཞུས་ན། གཞན་གྱིས་སོ་སོའི་འདོད་པའི་དབུ་མའི་ལམ་

ལ་དགག་བཞག་ཇི་ལྟར་བྱས་རུང་། སོ་སོའི་འདོད་པའི་ལྟ་གྲུབ་དེ་ཡང་དག་པ་ཡིན་པ་དངོས་ཡོད་རྒྱུན་མཚན་གྱི་

ཐོག་ནས་ཁུངས་སྐྱེལ་བྱེད་ཐུབ་པ་ཞིག་དང་། གལ་ཏེ་སོ་སོའི་འདོད་ཚུལ་ལ་སྐྱོན་ཡོད་པ་ར་འཕྲོད་ཚེ་ངོས་ལེན་བྱེད་

པ་བརྒྱུད་དབུ་མའི་ལམ་དེ་ཕུན་སུམ་ཇེ་ཚོགས་སུ་གཏོང་དགོས་པ་དང་། ལྟ་གྲུབ་གཞན་གང་ཡང་བརྩི་བཀུར་བཅོས་

མིན་ཞིག་བྱེད་ཐུབ་པ་བྱ་རྒྱུ་དེ་ཡིན། དེར་བརྟེན་དེ་རིང་དབུ་མའི་ལམ་གྱི་ལྟ་གྲུབ་སྨྲ་བ་ཚོར་དྲན་སྐུལ་དང་། གསར་

སྐྱེས་བོད་མི་ཚོར་བསམ་བློ་བརྗེ་རེས་ཀྱི་ཆེད་དུ་བྲིས་པའི་དབུ་མའི་ལམ་ལས་འཕྲོས་པའི་བསམ་ཚུལ་ལེའུ་དང་པོ་རེ་

ཞིག་རྫོགས་སོ། ། 

Back

Search site

© 2012 All rights reserved. No information or images from this website can be copied or used for any purpose without permission from "KonchoK..com

དཀོན་མཆོག་བོད་རང་བཙན་དྲ་ཚིགས།