དགོན་པ་རྣམས་སྒོ་བརྒྱབ་པ

02/02/2012 11:52

 

ཁམས་འབྲི་རུ་རྫོང་ཁོངས་ཀྱི་དགོན་པ་རྣམས་སྒོ་བརྒྱབ་པ

བོད་ཀྱི་བང་ཆེན།
གློག་འཕྲིན།པར་འདེབས།ཕི་ཌི་ཨེཧཕ།

བོད་ནང་ནས་གནས་ཚུལ་ཁུངས་ལྡན་འབྱོར་གསལ། ཉེ་ཆར་ནས་བོད་ཁམས་འབྲི་རུ་རྫོང་ཁོངས་ཀྱི་དགོན་པ་ཁག་གི་ལས་སྣེ་བ་རྒྱ་ནག་གཞུང་གི་ལས་བྱེད་འཇོག་དགོས་པའི་ལས་འགུལ་སྤེལ་བར་བརྟེན། གྲྭ་མང་གིས་ངོས་ལེན་མ་བྱས་པ་མ་ཟད། ད་ལྟ་དགོན་པར་གྲྭ་པ་སྡོད་མཁན་མེད་པ་ཆགས་འདུག དེ་ནི་ལོ་འདིར་བོད་རང་ལྗོངས་ལྗོངས་སྤྱི་ལ་བཞག་པའི་རྒྱ་མིའི་ལས་འགུལ་ཡིན་སྐོར་བརྗོད་འདུག

དེ་ཡང་དགོན་པའི་ལས་བྱེད་གཙོ་བོར་རྒྱ་ཡི་ལས་བྱེད་རྒྱུན་ལྡན་དུ་སྡོད་རྒྱུ་དང། དངོས་རྫས་གང་ཡོད་རྒྱ་ཕྱོགས་ནས་བདག་གཉེར་བྱེད་རྒྱུ། གྲྭ་པ་ཚད་འཛིན་བཟོས་པ། ཕྱི་ཕྱོགས་ནས་སློབ་གཉེར་ཐོན་པའི་གྲྭ་རིགས་དགོན་ནང་སྡོད་མི་ཆོག་པ། རང་ལོ་བཅོ་བརྒྱད་མ་ཟིན་བར་དགོན་ནང་སྒྲིག་ཞུགས་བྱེད་མི་ཆོག་པ། དེ་ཡང་སློབ་འབྲིང་ཐོན་པའི་ལག་ཁྱེར་དགོས་པ་ཆོས་ཕྱོགས་ཀྱི་བྱེད་སྒོ་གང་བྱེད་ལ་རྒྱ་ཡི་གཏན་སྡོད་ལས་བྱེད་ཀྱིས་དགོངས་འཁྲོལ་དགོས་པ། དགོན་པ་ཆེ་ཆུང་ལ་དཔག་པས་ལས་བྱེད་བཞི་བཅུ་ནས་བདུན་བར་དགོན་ནང་དུ་གཏན་སྡོད་བྱེད་པ་སོགས་ཀྱི་ཁྱབ་བསྒྲགས་བྱས་རྗེས། དགོན་པ་རྣམས་ཀྱིས་དེ་ལ་ཁས་ལེན་མེད་ཟེར་ནས་རིམ་བཞིན་གྲྭ་པ་དང་ལས་བྱེད་བར་ལ་རྩོད་རྙོག་མང་པོ་བྱུང་འདུག

མཐར་དགོན་པ་སོ་སོས་གྲྭ་པ་རྣམས་ཀྱིས་“ལས་འགུལ་དེ་མཚམས་འཇོག་མ་བྱས་ཚེ་ང་ཚོ་དགོན་ནང་དུ་ཁྱོད་ཚོས་ལབ་པ་ལྟར་བྱས་ནས་སྡོད་ཐུབ་ཀྱི་ཟེར་ནས་དགོན་པའི་ནང་ལ་གྲྭ་པ་སྡོད་མཁན་མེད་པ་ཆགས་འདུག དགོན་པ་ཁྱོད་ཚོས་བདག་པོ་བྱོས། འོན་ཀྱང་དགོན་པའི་ཆ་དངོས་གང་ཡོད་དངུལ་ཐོག་ལ་ཕབ་ནས་དངུལ་ང་ཚོ་ལ་སྤྲོད་རོགས། དགོན་པ་དང་པོ་རྒྱག་སྐབས་སྲིད་གཞུང་གིས་སྤྲད་པའི་དངུལ་གང་ཡང་མེད། དངོས་རྫས་གང་ཡོད་མི་མང་ལ་བརྟེན་ནས་བྱུང་བ་ཞིག་རེད། དེའི་དངུལ་དེ་ང་ཚོ་གྲྭ་པ་ཚོས་ཟ་ཡི་མིན་ལ། ཁྱོད་ཚོའི་མིག་གིས་མཐོང་སར་མི་མང་ལ་སྤྲོད་དགོས་”ཞེས་བཤད་འདུག

སྔོན་མ་དགོན་པ་སོ་སོའི་ཚོང་ཁང་འབྲི་རུ་རྫོང་དུ་ཡོད་འདུག དེ་རྣམས་མེད་པ་བྱས་ནས་དངུལ་རྣམས་ཚོང་ལས་བྱེད་མཁན་རྣམས་ཀྱིས་དངུལ་དེ་དགེ་འདུན་ལ་མཉེན་བཀུར་བྱས་འདུག རྫོང་དེར་དགེ་ལུགས་དང་བཀའ་བརྒྱུད་རྙིང་མ་སོགས་དགོན་ཁག་བཅུ་གསུམ་ཡས་མས་ཡོད་འདུག འོན་ཀྱང་ད་ལྟ་ཕལ་ཆེར་དགོན་པ་གཅིག་ཀྱང་མ་ལུས་པར་གྲྭ་པ་རྣམས་གང་སར་འཁྱམས་ནས་དགོན་ནང་དུ་གཅིག་ཀྱང་མེད་པ་ཆགས་སྟེ་དགོན་པ་སྒོ་བརྒྱབ་ཡོད་འདུག

དེའི་རྐྱེན་པས་མི་མང་ནང་ལ་ཟིང་ཆ་ཆེན་པོ་ལངས་ཀྱིི་ཡོད་པ་དང། མི་མང་རྣམས་ཀྱིས་དགོན་པ་སྔར་རྒྱུན་ལྟར་འཇོག་དགོས་པ་དང་། ང་ཚོ་ལ་ཆོས་དད་རང་དབང་དགོས་ཟེར་ནས་སྐད་འབོད་བྱེད་ཀྱི་ཡོད་པ་དང། ད་ལྟ་མི་ཤི་སྐབས་སྨོན་ལམ་རྒྱག་མཁན་མེད་པ་ཆགས་ཡོད་འདུག

རྒྱ་ནག་གཞུང་ཕྱོགས་ནས་“ཁྱོད་ཚོས་ག་རེ་བཤད་ཀྱང་ཕན་འབྲས་མེད། ལས་འགུལ་འདི་བོད་ལྗོངས་སྤྱི་ལ་ཡིན་པས་འགྱུར་བ་གཏོང་རྒྱུ་མེད། ཁྱོད་ཚོའི་རྫོང་གཅིག་པུ་མ་རེད། ཁྱོད་ཚོ་གོ་ལོག་མ་ཐེབས། གྲྭ་པ་ཁ་ཤས་ཤིག་གིས་བྱས་པ་རེད། ཡུན་རིང་འདི་ལྟར་བྱེད་ཐུབ་ཀྱི་མ་རེད། དེའི་བར་ལ་མི་ཤི་ན་ཚ་བྱུང་ན་ང་ཚོས་སྨོན་ལམ་རྒྱག་མཁན་ལྟ་ཡི་ཡིན་”ཞེས་བརྗོད་འདུག ད་ལྟ་གྲྭ་་ཁ་ཤས་རྒྱ་ཡིས་འཇུ་བཟུང་བྱས་ནས་མཐོང་རྒྱུ་མེད་པ་ཆགས་ཡོད་པའི་གནས་ཚུལ་འདུག །

 

Back

Search site

© 2012 All rights reserved. No information or images from this website can be copied or used for any purpose without permission from "KonchoK..com

དཀོན་མཆོག་བོད་རང་བཙན་དྲ་ཚིགས།