དགེ་རྒན་མེད་ཟེར །

13/12/2008 13:36

 

ཤེས་རབ་དགའ་ཚལ་སློབ་གླིང་ལ་དགེ་རྒན་མེད་ཟེར །

 

ཟླ་འདི་འགར་ངྷ་རམ་ས་ལའི་སྲང་བར་དུ་ཤེས་རབ་དགའ་ཚལ་སློབ་གླིང་གི་སློབ་མ་ཇེ་ནས་ཇེ་མང་དུ་འགྲོ་བཞིན་འདུག་ལ། སློབ་མཐར་མ་ཕྱིན་པར་རྩ་དགོངས་ཞུས་པའི་སློབ་ཕྲུག་དེ་དག་དང་འབྲེལ་ཏེ། སྤྱི་ཚོགས་ནང་གསོག་སྒར་སློབ་གྲྭའམ་ཤེས་རབ་དགའ་ཚལ་སློབ་གླིང་སྐོར་གྱི་གཏམ་གླེང་ཡང་ཇེ་མང་ནས་ཇེ་མང་རེད། སློབ་ཕྲུག་དེ་དག་ཕྱིར་བོད་ནང་དུ་ལོག་རྒྱུར་རྒྱ་ནག་གི་དམག་མིའི་མནར་གཅོད་ཡོད་པ་དང་། ངྷ་སར་སྡོད་རྒྱུར་རྒྱ་གར་གྱི་སྐོར་སྲུང་བའི་སིན་བཙེར་ཡོད་སྟབས། རེ་ཟུང་ཨ་ཆད་ཨུ་ཐུག་ཏུ་གྱུར་ཏེ་ཤེས་རིག་ལས་ཁུངས་དང་། ཐ་ན་བཙན་བྱོལ་བོད་གཞུང་ལའང་འཁང་ར་མི་བྱེད་ག་མེད་ཆགས་ཡོད་རབས་འདུག ཁོང་ཚོའི་དཀའ་ངལ་གཙོ་བོ་གཅིག་ནི། དགེ་རྒན་མེད་པའི་དཀའ་ངལ་དེ་ཡིན་འདུག གནད་དོན་དེའི་ཐད་རྒྱུས་ལོན་བྱ་ཆེད།ཕྱི་ཚེས་ཉིན་འདི་གའི་གསར་འགོད་པ་ཤེས་རབ་དགའ་ཚལ་སློབ་གླིང་དུ་བཅར་བ་ཡིན།

གསར་འགོད་པ་ཤེས་རབ་དགའ་ཚལ་སློབ་གླིང་དུ་འབྱོར་སྐབས། སློབ་གྲྭའི་འགན་འཛིན་བུ་དྲུག་ཤཱསྟྲི་ལགས་ལས་ཤག་ཏུ་བཞུགས་འདུག་ལ།སྐབས་དེར་ངས་ཁོང་ལ་བཀྲ་ཤིས་བདེ་ལེགས་ཀྱི་འཚམས་འདྲི་དང་བཅས་ང་རང་བོད་ཀྱི་དུས་བབ་གསར་ཁང་གི་འགོད་པ་ཡིན་ཞེས་ལབ་མ་ཐག ཁོང་གིས་སློབ་གྲྭའི་དཀའ་ངལ་མང་པོ་ཞིག་ངའི་མདུན་དུ་སྤུངས་མགོ་བརྩམས་སོང་། སློབ་གྲྭའི་འགན་འཛིན་གྱིས་བརྗོད་དོན། ངརང་སློབ་གྲྭ་འདིར་འབྱོར་ནས་ཟླ་བ་བཞི་ལས་ཕྱིན་མེད།མཐུན་རྐྱེན་གྱི་དབང་གིས་ང་ཚོའི་དགོས་མཁོ་དང༌།སློབ་མའི་འདོད་བློ་དང་མཐུན་པའི་བོད་ཡིག་གི་ཚད་ལྡན་དགེ་རྒན་ཞིག་མ་རྙེད་པར་ལྷག་ཡོད་པས་སློབ་གྲྭའི་དཀའ་ངལ་ཆེ་ཤོས་འདི་ཆགས་ཡོད།ང་ཚོའི་ངོས་ནས་ཤེས་རིག་ལས་ཁུངས་ལ་དཀའ་ངལ་འདི་ཐེངས་མང་ཞུས་ཡོད་ནའང༌།ལམ་སེང་འདིའི་སྒང་ལ་དགེ་རྒན་རག་ཁག་པོ་ཆགས་ཡོད་པ་འདྲ།ད་ལྟའི་ཆར་སློབ་གྲྭར་སློབ་སྤྱི་དང་དགེ་ཆེ་སོགས་ཀྱང་ཡོད་པ་མ་རེད།སློབ་སྤྱིའི་སྐོར་ལ་ཤེས་རིག་ལས་ཁུངས་ནས་འཆར་གཞི་ཞིག་ཕུལ་ཡོད་ཚུལ་ལས་གནས་ཚུལ་གང་ཡང་མཁྱེན་རྟོགས་བྱུང་མ་སོང༌།དགེ་རྒན་མི་རག་པ་འདི་སློབ་མའི་ངོས་ནས་མིན་པར་འདི་གཙོ་བོ་དགེ་རྒན་ལ་མཐུན་རྐྱེན་ལེགས་པོ་ཞིག་སྐྲུན་མིན་ལ་རག་ལས་འདུག སློབ་གྲྭའི་ངོས་ནས་སློབ་མར་རྒྱ་གར་གྱི་སྲིད་དོན་གནས་སྡོད་ལག་འཁྱེར་བཟོ་བཞིན་ཡོད་པ་དང༌།དབྱིན་ཇི་གོང་འཕེལ་གཏོང་བར་ཐབས་ཤེས་ཡོད་རྒུ་འདོན་བཞིན་པ་མ་ཟད།སྤྱི་ཚོགས་ཀྱི་དགོས་མཁོ་དང་རང་ཉིད་ཀྱི་མ་འོངས་འཚོ་རྟེན་ལ་དམིགས་ཏེ།སྤྱི་ཟླ་ལྔ་བ་ནས་ད་ཡོད་ཀྱི་ལག་ཤེས་ལྷ་བྲིས་དང་འཚེམ་བཟོ་ལས་གཞན།ཤེས་ཡོན་སྒྲོམ་གཞིའི་ནང་ཡོད་བསྡད་པའི་ཟ་མ་བཟོ་སྟངས་དང༌།ཤིང་བཟོ།གློག་བཟོ་སྟངས།དྲ་རྒྱ་དང་གློག་ཀླད་སྐོར་གྱི་ཤེས་བྱ།སློབ་གྲྭ་ཐོན་རྗེས་ལམ་སེང་ལས་ཀ་བྱ་ཆོག་པའི་སྐོར་གྱི་ཤེས་ཡོན་མགོ་འཛུགས་འཆར་ཡོད་ལ།ད་དུང་གསར་དུ་རྩོམ་བཞིན་པའི་ལས་འཆར་ཟླ་རེའི་སློབ་རྭའི་བོད་ཡིག་རྩོམ་རིག་ཚགས་ཤོག་ཅིག་སྤེལ་འཆར་དང༌།སློབ་མ་ནང་ཁུལ་ནས་དམིགས་བསལ་ཤེས་ཡོན་སྡེ་ཚན་ཞིག་ཀྱང་གསར་འཛུགས་གནང་ཡོད་པ་དང་ལུས་རྩལ་སོགས་སྔར་མེད་པའི་སྡེ་ཚན་མང་པོ་ཞིག་གསར་ཏུ་བཙུགས་ཡོད།ཅེས་བརྗོད་བྱུང༌།

སློབ་མའི་སློབ་སྦྱོང་དང་འབྲེལ་བའི་དཀའ་ངལ་དང་ད་ལྟའི་སློབ་སྦྱོང་གི་གནས་སྟངས་ཐད། སློབ་མའི་སྤྱ་ཁྱབ་རྒན་བདག་ཕུན་ཚོགས་ལགས་ཀྱིས་བརྗོད་དོན།སློབ་མ་ཚོར་སློབ་སྦྱོང་གི་མཐུན་རྐྱེན་ཐོག་དཀའ་ངལ་འཕྲད་བཞིན་འདུགམཐུན་རྐྱེན་གཙོ་བོ་དགེ་རྒན་རེད།དགེ་རྒན་རག་མིན་གཙོ་བོ་མཐུན་རྐྱེན་ལ་ཐུག་ཡོད་པ་རེད།མཐུན་རྐྱེན་གྱི་དབང་གིས་དགེ་རྒན་མང་པོ་ཞིག་རྩ་དགོངས་དང༌།གཏན་འཇགས་མིན་པའི་གནས་སྟངས་ཆགས་ཀྱི་ཡོད་པ་རེད།དབྱིན་ཇི་ང་ཚོས་གསར་ཏུ་སྦྱོང་བཞིན་པ་རེད།ཡིན་ནའང་བོད་ཡིག་གི་ཕྱོགས་ནས་ལག་འཁྱེར་དང་དོ་མཉམ་པ་དང༌།ང་ཚོའི་འདོད་བློར་མཐུན་པའི་དགེ་རྒན་ཁག་པོ་འདུག་ཅེས་བརྗོད་བྱུང་ལ།ཡང༌།སློབ་མ་མང་པོ་རྩ་དགོངས་ཞུ་བཞིན་པའི་ཐད་ལ་བརྗོད་དོན།དགེ་རྒན་ཡག་པོ་མེད་པ་དང་བོད་ཡིག་གི་དགེ་རྒན་ཚད་ལྡན་ཞིག་མེད་པས་སློབ་མ་མང་པོ་ཞིག་རང་བཞིན་གྱིས་སློབ་གྲྭ་ལས་ཐོན་འགྲོ་བ་དང༌།ཉེ་ཆར་མཐོ་སློབ་ཁག་ནས་ཐོན་པའི་དགེ་རྒན་ཁ་ཤས་ཡོང་ཡོད་ནའང་བོད་ཡིག་གི་ཤེས་ཚད་ཞན་པས་སློབ་མའི་བོད་ཡིག་སྦྱོང་བའི་འདུན་པ་བརླག་འགྲོ་བ་དང་རེ་བ་ཆད་དེ་ཐོན་འགྲོ་བའི་སྣང་ཚུལ་འདུག་ཟེར།

དཀའ་ངལ་འདིའི་ཐད་ཤེས་རིག་ལ་ཞུས་པའི་ཐད་ཁོས་བཤད་རྒྱུར།ང་སློབ་མའི་རྒན་བདག་ཡིན་པའི་ཆ་ནས་ཤེས་རིག་ལ་དུམ་མཚམས་ལྔ་ཅན་གྱི་སྙན་ཞུ་ཞིག་ཕུལ་ཡོད་ལ།སྙན་ཞུའི་ནང་གཙོ་བོ།བོད་ཡིག་དགེ་རྒན་ཡག་པོ་ཞིག་གང་མགྱོགས་མངགས་གཏོང་གནང་དགོས་ཚུལ་དང༌།ལྷ་བྲིས་སྡེ་ཚན་གྱི་སློབ་མ་སུམ་ཅུ་ཟླ་བ་བཞིའི་རིང་དགེ་རྒན་མེད་པར་ལྷག་བསྡད་ཡོད་པ་འདི་དག་གི་ཆུ་ཚོད་འཕྲོ་བརླག་མི་གཏོང་བར་ཐུགས་བསམ་བཞེས་དགོས་སྐོར།དགེ་ཆེ་དང་སློབ་སྤྱི་མེད་པར་འགན་འཛིན་གཅིག་པུས་དགེ་རྒན་གྱི་དོ་དམ་དང་སློབ་མའི་སློབ་གསོ་སོགས་ལ་འགན་ཁུར་ནས་ཟླ་བ་བཞི་ལྷག་འགྲོ་བཞིན་པའི་སྐོར་ཕུལ་ཡོད་མོད།ད་ལྟའི་ཆར་སུ་དང་གང་གིས་དགེ་ཆེ་དང་སློབ་སྤྱིའི་ཐད་བརྡ་ལན་ཅི་ཡང་མེད་པར་ལྷག་ཡོད།གཞན་ངས་ང་ཚོའི་སློབ་གྲྭར་དམིགས་བསལ་གྱི་ལྟ་རྟོག་བྱ་དགོས་སྐོར་དང༌།མཐའ་མར་སློབ་མ་ཡོངས་ཀྱི་རེ་བ་བཞིན་ཤེས་རིག་ལས་ཁུངས་ཀྱི་ལས་བྱེད་མི་སྣ་དངོས་སུ་སློབ་གྲྭར་ཕེབས་ཏེ་སློབ་གྲྭའི་འཐུས་ཤོར་གྱི་གནད་དེ་ལ་བལྟ་སྐྱོང་དང་ཚོད་ལྟ་ཞིག་བྱ་དགོས་ཀྱིན་འདུག་ཅེས་ཀྱང་ཞུས་ཡོད།ད་ལྟའི་ཆར་སྙན་ཞུ་ལ་བརྡ་ལན་ཅི་ཡང་མེད་པ་མ་ཟད་ལོ་གཅིག་རིང་མི་སྣ་གཅིག་ཀྱང་སློབ་གྲྭར་བཅར་མ་སོང༌།དེ་བས།སློབ་མའི་ནང་ཁུལ་ཏུ་ལོ་སྔོན་མའི་རྩ་འཛུགས་ལམ་སྟོན་གྱི་གནད་དོན་ལས་ཤེས་རིག་གིས་ང་ཚོར་མི་དགའ་བ་དང་ངན་སེམས་བཅངས་གི་ཡོད་པའི་བསམ་ཚུལ་ཤུགས་ཆེན་འབྱུང་གི་འདུགགང་ལྟར་ལོ་གཅིག་རིང་སློབ་གྲྭའི་སློབ་གསོའི་ཕྱོགས་ནས་ལྟ་རྟོག་བྱེད་མཁན་གཅིག་ཀྱང་སླེབས་མ་སོང༌།འགན་འཛིན་ངོས་ནས་དགེ་སློབ་མཉམ་འབྲེལ་དང་སློབ་མའི་དཀའ་ངལ་སེལ་བ་ལས།ང་ཚོའི་དཀའ་ངལ་བཤད་སའི་ཤེས་རིག་གི་ངོས་ནས་ད་ལྟའི་བར་འགྲེལ་བཤད་རྒྱག་མཁན་ཞིག་ཀྱང་སླེབས་མ་སོང་བས་ཧ་ཅང་བློ་ཕམ་གྱི་གནས་རེད་ཅེས་བརྗོད་བྱུང༌།

ཕྱི་ཚེས་ཉིན་འདི་གའི་གསར་འགོད་པས་ཤེས་རབ་དགའ་ཚལ་སློབ་གླིང་ལ་སློབ་སྤྱི་དང་དགེ་ཆེ་མེད་པའི་དཀའ་ངལ་དེའི་སྐོར།  བོད་གཞུང་ཤེས་རིག་ལས་ཁུངས་སུ་བཅར་ཏེ། ཤེས་རིག་བཀའ་བློན་ཐུབ་བསྟན་ལུང་རིགས་མཆོག་ལ་བཀའ་འདྲི་ཞུས་པར་ཁོང་གིས་གསུངས་དོན། ཤེས་རབ་དགའ་ཚལ་སློབ་གླིང་ལ་དགེ་རྒན་གང་འདྲ་བྱས་ནས་རག་གི་མེད་པའི་སྐོར་ངས་ཤེས་ཀྱིན་མེད།ཡིན་ནའང་ང་ཚོས་གསལ་བསྒྲགས་བྱས་ཀྱང་དགེ་རྒན་ཡོང་མཁན་རག་གི་ཡོད་པ་མ་རེད།དགེ་རྒན་མི་རག་པའི་རྒྱུ་མཚན་དེ།ང་ཚོས་དགེ་རྒན་ཡོང་བར་ཆ་རྐྱེན་འདོན་གྱི་ཡོད་པ་དང༌།ཆ་རྐྱེན་དེ་དག་ཚང་མཁན་རག་ཁག་པོ་ཆགས་ཡོད་པ་རེད།དགེ་རྒན་ཞིག་མཁོ་བ་ཙམ་གྱིས་ནང་ཏུ་བཅུག་བཞག་ན།ད་ལྟའི་སློབ་མའི་དཀའ་ངལ་བཞིན་ཕན་ཐོགས་ཀྱི་ཡོད་པ་མ་རེད།དགེ་རྒན་གྱི་མཐུན་རྐྱེན་ཐད་རྩ་འཛིན་ལམ་སྟོན་གཞིར་བཟུང་ཐོག་སམ་བྷོ་ཊ་དང་གཅིག་མཚུངས་ཀྱི་མཐུན་རྐྱེན་སྤྲད་ཡོད་པ་རེད།ཅེས་གསུངས་སོང༌།

ཡང་ཤེས་རིག་གི་ངོས་ནས་གཞི་རིམ་སློབ་གྲྭ་ཁག་ཏུ་ཟླ་རེའི་ནང་སློབ་མའི་སློབ་སྦྱོང་དང་དགེ་རྒན་གྱི་སློབ་ཁྲིད་ཐད་ལྟ་རྟོག་བྱེད་ཀྱིན་ཡོད་མེད་དྲིས་པར།ཁོང་གིས།སློབ་གྲྭའི་ནང་སློབ་སྤྱི་དང་དགེ་ཆེ་སོགས་ཡོད་པ་རེད།ང་ཚོས་དུས་ནས་དུས་སུ་གང་འདྲ་བྱེད་ཀྱིན་ཡོད་མེད་དང་གང་འདྲ་བྱ་དགོས་མིན་གྱི་སྐད་ཆ་དུས་རྒྱུན་ཏུ་དྲིས་བསྡད་ཡོད་པ་ལས།ལས་ཁུངས་རང་ནས་དམིགས་བསལ་འགྲོ་ཐུབ་ཀྱིན་ཡོད་པ་མ་རེད།ཤེས་རབ་དགའ་ཚལ་སློབ་གླིང་ལ་སློབ་སྤྱི་དང་དགེ་ཆེ་མེད་པ་དེ་ཁོང་ཚོས་བཟོས་པ་རེད།ཉེ་སྔོན་གྱི་རྩ་འཛུགས་ལམ་སྟོན་གྱི་རྙོག་དྲའི་ཐོག་སློབ་སྤྱི་འགྲོ་དགོས་བྱུང་བ་རེད།དཀའ་ཁག་ཡོད་ཚད་སློབ་གྲྭ་ནས་ཡོང་བ་རེད་ཅེས་ལབ་མི་ཐུབ་ནའང་དཀའ་ངལ་ཁ་ཤས་ཤིག་སློབ་གྲྭ་རང་ནས་ཐོན་ཡོང་གི་ཡོད་པ་རེད།ང་ཚོའི་ངོས་ནས་སྡུག་པའི་ལས་ཀ་བྱེད་ཀྱི་མ་རེད།ལྷག་པར་ཏུ་ཚང་མ་བོད་ནས་ཡོང་བ་ཡིན་པས་ང་ཚོས་ལྟ་སྐྱོང་བྱ་དགོས་པ་རེད།ཡིན་ནའང་ཁོང་ཚོ་སླེབས་པ་ནས་ཤེས་རིག་ལ་བལྟ་སྟངས་མི་ལེགས་པ་དེ་འདྲ་བཟུང་གི་ཡོད་པ་རེད།ང་ཚོའི་ངོས་ནས་ད་ལྟ་སློབ་སྤྱི་དང་དགེ་ཆོས་གཉིས་ཀྱི་ཐད་ལ་བསམ་བློ་མང་པོ་གཏོང་གི་ཡོད་པ་རེད།རག་གི་ཡོད་པ་མ་རེད།ཅེས་བརྗོད་བྱུང༌།

ཡང༌སློབ་གྲྭ་གཞན་ནང་དགེ་རྒན་འཛུལ་གང་ཐུབ་བྱེད་ཀྱི་ཡོད་པ་དང༌།ཤེས་རབ་དགའ་ཚལ་སློབ་གླིང་ལ་དགེ་རྒན་མི་རག་པའི་དཀའ་ངལ་ཐད་དྲིས་པར།ཁོང་གིས།རང་ཉིད་འཛུལ་སའི་ཁུངས་དང་བསྡད་སའི་ཁོར་ཡུག་ལ་ཁྱད་པར་ཆེན་པོ་ཡོད་པ་རཻད།སློབ་གྲྭ་གཞན་ནང་སློབ་སྦྱོང་ཁོ་ན་ལས་ཆབ་སྲིད་ཀྱི་ལས་ཀ་བྱེད་མཁན་ཡོད་པ་མ་རེད།ཤེས་རབ་དགའ་ཚལ་སློབ་གླིང་ནང་གང་ལ་གང་འཚམ་བྱེད་ཀྱིན་ཡོད་པ་དེས།མིའི་སེམས་མ་བདེ་བ་དང་མ་སྐྱིད་པ་མང་པོ་ཡོང་གི་ཡོད་པ་རེད།སློབ་གྲྭ་རང་གི་ལོ་རྒྱུས་ཕྱིའི་མི་ཚང་མས་གོ་བསྡད་ཡོད་པ་རེད།བོད་ཁྱིམ་དང་སམ་བྷོ་ཊའི་སློབ་མ་ཡིན་ན་སློབ་སྦྱོང་ཁོ་ན་ལས་བསམ་བློ་གཞན་གཏོང་གི་ཡོད་པ་མ་རེད།དགེ་རྒན་ཡིན་ན་སློབ་ཁྲིད་ཁོ་ན་ལས་གཞན་ལ་བསམ་བློ་གཏོང་གི་ཡོད་པ་མ་རེད།དེའི་དབང་གིས་གནས་ཚུལ་མང་པོ་ཕྱིའི་མིའི་གོ་གྱིན་ཡོད་པ་དང་དེའི་དཀའ་ངལ་འཕྲད་ཀྱིན་ཡོད་པས་ཡོང་མཁན་རག་གི་ཡོད་པ་མ་རེད།དེ་བས་ངས་ཚགས་པར་བརྒྱུད་སློབ་མ་ཚོར་སློབ་སྦྱོང་རང་གི་སྟེང་ལ་ཤུགས་རྒྱག་པ་ལས་ཆབ་སྲིད་ཚོགས་པ་འདྲ་མིན་གྱི་སྒང་ལ་མི་འགྲོ་བ་དེ་གལ་ཆེན་པོ་རེད་བསམ།སློབ་གྲྭའི་ནང་སློབ་སྦྱོང་གི་ཁོར་ཡུག་ཅིག་བཟོ་དགོས་རྐྱེན་ཆབ་སྲིད་ཚོགས་པ་འདྲ་མིན་ལ་མགོ་འཁོར་ན་བསམ་བློ་མང་པོ་གཏོང་དགོས་སྟབས་ཚོགས་པ་འདྲ་མིན་མེད་པའི་སྟེང་ནས་བོད་གཞུང་གི་ལངས་ཕྱོགས་དང་མཐུན་པའི་སྒོ་ནས་སློབ་སྦྱོང་བྱ་རྒྱུ་དེ་གལ་ཆེན་པོ་རེད་ཅེས་གསུངས་སོང༌།

 

Back

Search site

© 2012 All rights reserved. No information or images from this website can be copied or used for any purpose without permission from "KonchoK..com

དཀོན་མཆོག་བོད་རང་བཙན་དྲ་ཚིགས།