དགའ་ལྡན་ཕོ་བྲང་

16/08/2009 23:32

དགའ་ལྡན་ཕོ་བྲང་གི་མཚན་གནས་བསྡུ་དགོས་ཀྱི་འདུག རེབ་གོང་བཀྲ་ཤིས།

 རྩོམ་པ་པོ། རེབ་གོང་བཀྲ་ཤིས།  བོད་ཀྱི་དུས་བབ་བསམ་ཚུལ་ལེ་ཚན་ནས་འདིར་བཀོད།

རྒྱལ་ཁབ་གང་ཞིག་གི་སྲིད་གཞུང་ལ་མིང་ཞིག་ཡོད་པ་སྨོས་མེད་ཡིན་པ་ལྟར་དགའ་ལྡན་ཕོ་བྲང་ནི་བོད་ཀྱི་སྲིད་གཞུང་

གི་མཚན་གནས་རྙིང་པ་དང་གཞུང་རྙིང་པ་ཞིག་བཅས་ཡིན། དེ་ལ་ཆེ་བསྟོད་ལྟ་བུར་དགའ་ལྡན་ཕོ་བྲང་ཕྱོགས་ལས་རྣམ་

རྒྱལ་དང་། ཡང་ན་གཞུང་ས་དགའ་ལྡན་ཕོ་བྲང་ཅི་རིགས་ཀྱང་བརྗོད་ཀྱི་ཡོད། དགའ་ལྡན་ཕོ་བྲང་ཞེས་པ་ཐོག་མར་རྒྱལ་

དབང་སྐུ་ཕྲེང་གཉིས་པའི་བླ་བྲང་གི་མིང་ལ་ཐོགས་པ་དང་།    དུས་ཕྱིས་རྒྱལ་དབང་སྐུ་ཕྲེང་ལྔ་པས་བོད་ཀྱི་སྲིད་འགན་

བཞེས་སྐབས་དེ་སྲིད་གཞུང་གི་མིང་དུ་བཀོལ་སྤྱོད་གནང་ཡོད།

དེ་ལྟར་བོད་ཀྱི་སྲིད་གཞུང་གི་མིང་ལ་དགའ་ལྡན་ཕོ་བྲང་ཞེས་བཏགས་པ་ནས་བཟུང་ད་བར་ལོ་ངོ་སུམ་བརྒྱ་དྲུག་ཅུ་

རེ་བརྒྱད་ཙམ་འདས་ཡོད་ཅིང་།   དགའ་ལྡན་ཕོ་བྲང་ཞེས་པའི་དགའ་ལྡན་གྱི་ཚིག་ཟུར་གྱིས་བོད་ཀྱི་སྲིད་དབང་དེ་

དགེ་ལུགས་པས་བདག་བཟུང་བྱས་ཡོད་པ་མཚོན་པར་བྱས་ཡོད། སྔོན་གྱི་ལུགས་སྲོལ་ལྟ་བུའི་དབང་དུ་བྱས་ན་དེ་ལྟར་

ཡིན་དུ་ཆུག་ཀྱང་རུང་། ཕྱི་ལོ་ ༡༩༥༩ ལོར་བོད་མང་གཙོ་ཅན་དུ་བསྒྱུར་བར་བསྒྲགས་ཚུན་ནས་ལོ་ངོ་ལྔ་བཅུ་འཁོར་

བའི་ད་ལྟའི་དུས་ཉིད་ན་ཡང་བོད་ཀྱི་སྲིད་གཞུང་གི་མཚན་གནས་དེ་བླ་བྲང་དང་ཆོས་བརྒྱུད་བྱེ་བྲག་པའི་མིང་དོན་

དང་འབྲེལ་བ་ཡོད་པ་ཞིག་གི་ཐོག་ནས་བསྡད་ན་ཕྱོགས་གང་ཅིའི་ཆ་ནས་འོས་འཚམས་ཤིག་མ་མཐོང་། 

ཆེ་ཆུང་ལ་མ་བལྟོས་པར་རྒྱལ་ཁབ་བམ་མི་རིགས་ཤིག་གི་སྲིད་གཞུང་གི་མཚན་གནས་དེ་གང་ཟག་བྱེ་བྲག་པ་དང་། ལུང་

ཚན་བྱེ་བྲག་པ།     ཆོས་བརྒྱུད་བྱེ་བྲག་པ་གང་ཞིག་གི་མཚན་གནས་དང་རྗེས་འབྲེལ་མེད་པར་རང་གི་རྒྱལ་ཁབ་དང་མི་

རིགས་སྤྱི་ཡི་མཚོན་དོན་སྟོན་པའི་མིང་ཞིག་གམ། ཡང་ན་སྲིད་གཞུང་དེ་མང་གཙོ་དང་། སྤྱི་མཐུན། དམར་ཤོག  རྒྱལ་རྒྱུད་

ཅན་སོགས་གང་ཞིག་ཡིན་པ་མཚོན་སྟོན་བྱེད་པའི་མིང་ཞིག་ངེས་པར་དུ་དགོས་པ་ཡིན། ཚུལ་དེ་ནི་ད་ལྟའི་འཛམ་གླིང་

གི་རྒྱལ་ཁབ་ཁག་སོ་སོའི་སྲིད་གཞུང་གི་མིང་དོན་ལ་གཞིགས་པས་གསལ་རྟོགས་ཡོང་བ་ཡིན། རང་རེ་བོད་ལ་མཚོན་ན།

སྲིད་དོན་གཙོ་ཆེར་སྤྱོད་དགོས་པའི་སྲིད་གཞུང་གི་བྱ་གཞག་ནང་དུ་ཆོས་ལུགས་ཀྱི་གོ་གནས་ཧ་ཅང་མཐོ་སྐྱོན་བྱུང་དྲཌ

་པས་སྲིད་ཕྱོགས་ནས་ལས་དོན་འཐུས་ཤོར་ཕྱིན་པ་ཧ་ཅང་མང་ལ། ད་ལྟའི་ཆར་ཡང་བཙན་བྱོལ་བོད་ཀྱི་སྤྱི་ཚོགས་ཁྲོད་

མང་གཙོ་ཚད་ལྡན་ཞིག་ཡོང་ཐུབ་ཀྱི་མེད།      ཕྱི་ལོ་ ༢༠༠༢ ལོར་རྡ་རམ་ས་ལར་བོད་གཞུང་དགའ་ལྡན་ཕོ་བྲང་དབུ་

བརྙེས་ནས་ལོ་ངོ་ ༣༦༠ འཁོར་བའི་དུས་དྲན་ལོ་གཅིག་རིང་སྲུང་བརྩི་གནང་བའི་མཇུག་སྡོམ་མཛད་སྒོའི་སྐབས་སུ།

ད་ལྟའི་བཀའ་ཁྲི་མཆོག་གིས་༼ད་ནས་བཟུང་བོད་གཞུང་དགའ་ལྡན་ཕོ་བྲང་ཞེས་པའི་མཚན་གནས་དེ་མུ་མཐུད་རྒྱུན་

འཛིན་གནང་དགོས་མིན་ཐད་བོད་མི་མང་དང་གྲོས་ཚོགས་ཀྱིས་ཐུགས་བསམ་དང་བགྲོ་གླེང་བརྒྱུད་ཐག་གཅོད་གནང་

རོགས་༽ཞེས་དང་། ༼ བོད་མི་མང་གི་མངོན་འདོད་གཙོ་བོ་དང་གལ་ཆེ་ཤོས་ནི་མཚན་ཉིད་ཚང་བའི་མང་གཙོའི་སྲིད་ལུཌ་

འདི་ལག་ལེན་གནང་རྒྱུ་དེ་ཡིན་ལ། ༧གོང་ས་མཆོག་གི་དགོངས་གཞིའང་དེ་རེད།དགའ་ལྡན་ཕོ་བྲང་གི་མཚན་གནས་

དེ་རང་འཇགས་ཉར་རྒྱུ་ནི་གལ་ཆེ་ཤོས་དེ་ཆགས་མེད་ལ། ༧གོང་ས་མཆོག་གིས་ཀྱང་འདིའི་ཐད་ཐེངས་འགའ་ཤས་ལ་

བཀའ་གནང་ཡོད་ནའང་།  ད་བར་དུ་གནད་དོན་འདི་བོད་མི་ཚོར་གླེང་མེད་སྟབས།  ད་ཐེངས་དགའ་ལྡན་ཕོ་བྲང་གི་

མཇུག་སྡོམ་དུས་ཆེན་སྟེང་གནད་དོན་འདི་བོད་མི་མང་ལ་གླེང་བསླངས་པ་ཡིན་ལ།

སྐབས་བཅུ་གཉིས་པའི་བཀའ་ཤག་གིས་དགའ་ལྡན་ཕོ་བྲང་གི་མཇུག་སྡོམ་དུས་ཆེན་ཉིན་གཉིས་པོ་དེ་གལ་ཆེན་པོར་བརྩི་

གི་ཡོད།༽ཅེས་སོགས་གསུངས་ཡོད།  འོན་ཀྱང་སྐབས་བཅུ་གཉིས་པའི་བཀའ་ཤག་ཡིན་ནའང་འདྲ། བོད་མི་མང་སྤྱི་འཐུས་

གྲོས་ཚོགས་ཡིན་ནའང་འདྲ། གང་ལྟར་བཙན་བྱོལ་བོད་གཞུང་གིས་མང་གཙོའི་སྲིད་ལུགས་ནང་དགོས་གལ་ཆེ་བའི་དོན་

གནད་འདིའི་ཐད་བོད་མི་མང་ལ་གླེང་བསླངས་པ་ཙམ་ལས་ད་བར་དུ་ཁ་གསལ་གྱི་འགྲེལ་བརྗོད་དང་ལམ་སྟོན་ཅི་ཡང་

གནང་མྱོང་མེད་པ་མ་ཟད། དེ་ཐད་འགན་ཁུར་རང་བཞིན་གྱི་ལས་དོན་རིགས་ནི་དེ་བས་ཀྱང་གང་ཡང་བསྒྲུབས་མྱོང་

མེད། ཕྱོགས་གཅིག་ནས་བཙན་བྱོལ་བོད་གཞུང་མང་གཉིས་ཁྲོད་དགའ་ལྡན་ཕོ་བྲང་དབུ་བརྙེས་ཏེ་ལོ་ ༣༦༠ འཁོར་བའི་

དུས་དྲན་སྲུང་བརྩི་བྱས་པ་དེ་ནས་བཟུང་དགའ་ལྡན་ཕོ་བྲང་ཞེས་པའི་གཞུང་རྙིང་པ་དེ་མཇུག་སྒྲིལ་བ་ཡིན་པའི་བསམ་

ཚུལ་སླེབས་ཡོད་པར་བརྗོད་པ་ལྟར་ན། དེ་དང་དུས་མཉམ་དུ་བོད་ཀྱི་སྲིད་གཞུང་རྙིང་པའི་མཚན་གནས་དེ་ཡང་ངེས་

པར་དུ་བརྗེ་བསྡུ་བྱེད་དགོས་པ་ཞིག་རང་བཞིན་གྱིས་ཆགས་ཡོད།

རྒྱ་ཆེ་ཆུང་ལ་མ་བལྟོས་པར་མང་གཙོའི་གཞུང་ནི་སྲིད་དབང་མི་མང་གིས་ཁ་ལོ་བསྒྱུར་བར་བྱེད་པ་ཞིག་ལ་གོ་དོན་ལེན་

དགོས་པས། མང་གཙོའི་སྲིད་གཞུང་ཞིག་གི་མཚན་གནས་དེ་ད་དུང་ཡང་ཆོས་བརྒྱུད་བྱེ་བྲག་པ་ཞིག་གི་མིང་ཐོབ་དང་

འབྲེལ་ནས་བསྡད་ན། གཞུང་དེ་མང་གཙོའི་སྲིད་ལུགས་ཡོད་པའི་གཞུང་ཞིག་ཏུ་གསལ་རྟོགས་ནམ་ཡང་ཡོང་མི་ཐུབ་

ཅིང་། དེ་ནི་མང་གཙོའི་ལམ་ལུགས་དང་ཡང་གཏན་ནས་མཐུན་ཐབས་མེད་པ་ཞིག་རེད། བཀའ་ཁྲི་ཟམ་གདོང་རིན་པོ་

ཆེས་གནད་དོན་འདི་ཕྱི་ལོ་ ༢༠༠༢ ལོར་བོད་མི་མང་ལ་ཐེངས་ཤིག་གླེང་སློང་ཙམ་གནང་ཡོད་པ་ལས། རང་རེའི་མང་

གཙོའི་གཞུང་ལ་མང་གཙོའི་ལུགས་དང་མཐུན་པའི་མཚན་གནས་གསར་པ་ཞིག་དགོས་མཁོ་དང་འོས་བབ་ཆེ་བ་བཅས་

ཐད་བསམ་གཞིགས་ཅི་ཡང་གནང་མེད་ཅིང་། གནས་ཚུལ་འདི་ཤེས་བཞིན་དུ་ཡང་ཁྱད་གསོད་ལྟ་བུའི་ངང་ཁོང་གི་སྲིད་

གཞུང་གིས་ད་བར་དུ་གཞུང་འབྲེལ་གྱི་ལས་ཤོག་ཚུན་ཆད་ཀྱི་ཐོག་ཏུའང་དགའ་ལྡན་ཕོ་བྲང་ཞེས་པའི་མཚན་གནས་རྙིང་

པ་དེ་བཞིན་བཀོལ་སྤྱོད་བྱས་དང་བྱེད་མུར་ཡོད་པ་བོད་མི་ཀུན་གྱིས་མཁྱེན་གསལ་ལྟར་རེད།

ད་ནི་བཀའ་ཁྲིའི་ཡུན་ཚད་གཉིས་པ་དེ་ཡང་རྫོགས་ལ་ཉེ་བས་མང་གཙོའི་ལམ་སྲོལ་གྱི་ནང་འོས་བབ་མེད་པའི་དགའ་

ལྡན་ཕོ་བྲང་ཞེས་པའི་གཞུང་རྙིང་གི་མཚན་གནས་དེ་བཀའ་ཁྲིའི་ལས་དུས་ནང་བརྗེ་བསྡུ་བྱེད་ཐུབ་པ་ཡིན་ན་ཕྱོགས་ངོས་

མང་པོ་ཞིག་གི་ཆ་ནས་ཕན་དགེ་ཆེན་པོ་འབྱུང་བར་མངོན།

Back

Search site

© 2012 All rights reserved. No information or images from this website can be copied or used for any purpose without permission from "KonchoK..com

དཀོན་མཆོག་བོད་རང་བཙན་དྲ་ཚིགས།