ཉེས་པ་རེད།

02/09/2009 23:15

ཉེས་པ་རེད།

རྩོམ་པ་པོ།   ཆོས་འཛིན།    བོད་ཀྱི་དུས་བབ་བསམ་ཚུལ་སྡེ་ཚན་ནས་འདིར་བཀོད།

ད་ལོའི་བོད་ཁྱིམ་གྱི་འཛིན་རིམ་བརྒྱད་པའི་སྤྱི་སྙོམས་ཡིག་རྒྱུགས་ཆེན་མོའི་བོད་ཡིག་དྲི་ཤོག་དེས་ང་ཚོར་ཤེས་ཡོན་

གྱི་འཐུས་ཤོར་ཐད་ནས་སླར་ཡང་སེམས་འཚབ་ཆེན་པོ་རེ་བསླངས་བྱུང་།
   
ངས་དྲི་ཤོག་དེ་མགོ་ནས་མཇུག་བར་དུ་ཐེངས་ཤིག་བཀླགས་པ་ཡིན། ཤོག་ངོས་དང་པོའི་སྒང་དེར། དྲི་བའི་བརྒྱ་

ཆ་ཆ་འགོད། ལྟ་བུ་ཞིག་བྲིས་འདུག་ལ། མཐར་ཐུག་རེ་བ་སྒྲུབ་པར་ཤོག ཅེས་ཤོག་ངོས་མཐའ་མའི་མཇུག་དེར་རེ་སྨོན་

གྱི་ཚིག་དེ་ཡང་གོ་རྒྱུ་མེད་པ་ཞིག་བྲིས་འདུག    འདི་ལྟ་བུའི་ཡིག་ནོར་གྱི་རིགས་ནི་དྲི་ཤོག་དེའི་ཤོག་ངོས་ཚང་མའི་

སྟེང་ན་རྒྱུན་ལྡན་དང་བག་ཡངས་ཀྱི་ཚུལ་དུ་འདུག


   
དཀའ་ངལ་ཆེ་ཤོས་དེ་ནི་དགེ་རྒན་གྱི་དྲི་བ་ནོར་བ་དང་ཡིག་ནོར་ལ་བསྟེན་ནས་སློབ་མ་ཚོའི་སྐར་གྲངས་ལ་དོ་

ཕོག་འགྲོ་བཞིན་པ་དེ་རེད། ངས་ཐེངས་འདིའི་ཡིག་རྒྱུགས་ཀྱི་དྲི་ཤོག་ལ་ལྟ་མཁན་བོད་ཡིག་དགེ་རྒན་རེ་ཟུང་མཉམ་

དུ་སྐད་ཆ་བཤད་པ་ཡིན། དགེ་རྒན་གཅིག་གིས་བཤད་དོན། བཤེས་སྤྲིངས་ནི་འཛིན་རིམ་བཅུ་བའི་སྐབས་སུ་གཞི་ནས་

འཁྲིད་ཀྱིན་ཡོད་པ་རེད། ཡིན་ཡང་། ཐེངས་འདིའི་འཛིན་རིམ་བརྒྱད་པའི་ཡིག་རྒྱུགས་ཀྱི་དྲི་ཤོག་ནང་དུ་བཤེས་སྤྲིངས་

ཀྱི་ཚིགས་བཅད་ཅིག་བཀོད་དེ། ཚིགས་བཅད་ཀྱི་ནང་དོན་ལ་གཞིགས་ཏེ་ཡིག་ཕྲེང་བཅོ་ལྔ་ལས་མི་ཉུང་བའི་རྩོམ་ཐུང་

ཞིག་ཕྲིས་ཞེས་བཀོད་ལ། ཚིགས་བཅད་དེའང་ཇི་བཞིན་དུ་བཀོད་མེད་པར་ནང་ལ་ཡིག་ནོར་བྲིས་ཏེ་གོ་རྒྱུ་མེད་པ་ཞིག་

ཏུ་བཏང་འདུག་སྟབས། སློབ་མ་ཚོ་འཐོམ་བསྡད་འདུག་ཟེར།


   
ཡང་། དོན་གནད་གཞན་ཞིག་ནི། འཕྲིན་ཡིག་གི་སྐབས། ལྷ་ས་ནས་ཡིན་པ་དགྲ་ལྷ་ཞུ་བ་ཞིག་ལ་ ༢༠༠༨ དང་

༢༠༠༩ ལོའི་བཙན་བྱོལ་བོད་གཞུང་གི་གསུམ་བཅུའི་དུས་དྲན་དང་འབྲེལ་བའི་ལས་འགུལ་སྤེལ་བའི་ནང་ནས་གལ་

ཆེའི་སྙིང་བསྡུས་ཤིག་ཕྲིས་ཞེས་མངགས་འདུག་ལ། གཏོང་ཡུལ་དེ་བཙན་བྱོལ་གྱི་སློབ་མ་ཞིག་ཡིན་པ་འདྲ། ཡིག་རྒྱུགས་

ལ་ཞུགས་མཁན་གྱི་སློབ་མ་ཚོས། དགེ་རྒན་ཆེ་གེ་མོར། དྲི་བ་འདི་ནོར་འདུག ལྷ་སའི་སློབ་ཕྲུག་ཅིག་གིས་བཙན་བྱོལ་གྱི་

གསུམ་བཅུའི་དུས་དྲན་སྐོར་འབྲི་ཁག་པོ་རེད། དེ་བས་འདི་ཕྱོགས་ཀྱི་སློབ་ཕྲུག་ཅིག་གིས་གསུམ་བཅུའི་དུས་དྲན་གྱི་སྐོར་

བྲིས་ནས་ཕར་ལྷ་སའི་སློབ་ཕྲུག་དེར་བཏང་ན་ལན་པོ་ཡོད་པ་རེད་ཅེས་བཤད་ཀྱིན་འདུག་ཟེར།    འདི་ནི་དྲི་ཤོག་བཟོ་

མཁན་དགེ་རྒན་དང་ཡིག་རྒྱུགས་ལ་ཞུགས་མཁན་སློབ་ཕྲུག་གི་བར་གྱི་མ་མཐའི་གོ་རྟོགས་ཀྱི་གནས་བབ་ཙམ་རེད།


   
དེ་བཞིན་སྐབས་ཤིག་ཏུ། འོག་གི་ཚིག་རྣམས་ལ་ཡིག་འབྲུ་བཅུ་ལས་མི་ཉུང་བའི་ཚིག་སྒྲུབ་དོན་དང་ལྡན་པ་རེ་

ཕྲིས་ཞེས་མངགས་པ་དང་། ཚིག་དེ་དག་གི་ཁོངས་སུ། ཁ་ཚ་དགོས་འདུག ཅེས་ཁ་ཚ་དགོས་གཏུགས་ཀྱི་དག་ཆ་ནོར་

ནས་བྲིས་ཡོད་ལ། དགེ་རྒན་ཞིག་གིས་ཧབ་དགོད་དང་བཅས་བཤད་དོན། སློབ་མ་ཚོར་ཁག་མི་འདུག སློབ་ཕྲུག་ཅིག་

གིས། ཟ་མ་བཟའ་དུས་ཁ་ཚ་དགོས་འདུག ཅེས་བྲིས་པ་དང་། ཡང་སློབ་ཕྲུག་གཞན་ཞིག་གིས། ཁྱིམ་ཚང་གི་ཨ་མ་ཚོ་ཁ་

ཚ་དགོས་འདུག ཅེས་བྲིས་འདུག་ཟེར། སྐབས་འདིར་སློབ་ཕྲུག་ཚོར་སྐར་གྲངས་སྤྲོད་ཀྱི་ཡིན་ནམ་མིན།


   
དྲི་ཤོག་གི་ངོས་ཤིག་ཏུ། གཤམ་གྱི་ཚིགས་བཅད་འདི་ལ་འགྲེལ་བཤད་ཁ་གསལ་དོན་དང་ལྡན་པ་ཞིག་ཕྲིས་

ཞེས་སྐུལ་ཞིང་། ཚིགས་བཅད་དེ་ཡང་།
   
མཁས་པ་ཐམས་ཅད་སློབ་པའི་དུས་ན་སྡུག །སྐྱིད་པོ་བྱས་པའི་ལོ་པན་རྒྱ་བོད་མེད། །འཇིག་རྟེན་པ་ནི་སློབ་མི་

དགོས་ཏེ་ཤེས། །ཡོན་ཏན་མཁས་པའི་གོང་ན་ཡོད་པ་མིན། ། ཞེས་བྲིས་འདུག ཚིགས་བཅད་འདི་བཀླགས་རྗེས་ང་

རང་ཡང་འཐོམ་སོང་། བཤད་ཚུལ་ལྟར་ན། དྲི་ཤོག་ལ་ལྟ་མཁན་དགེ་རྒན་ཚོ་ཡང་འཐོམ་སྟེ། མཐར་འདིའི་གོ་དོན་

གང་ཡིན་མ་ཤེས་པར་དྲི་ཤོག་བཟོ་མཁན་ཁོ་རང་གི་ལན་ངོ་མ་དེར་ལྟ་དགོས་པར་གྱུར་ཟེར། གཤམ་དུ་ང་ཚོས་དྲི་

ཤོག་བཟོ་མཁན་ཁོ་རང་གི་ལན་དེར་ཅིག་ལྟ། ཚིག་ལྷུག་ནི། བླང་དོར་འབྱེད་པར་མཁས་པའི་མཁས་པ་ཐམས་ཅད་

ཡོན་ཏན་སློབ་པའི་དུས་ན་སྡུག ངལ་མེད་སྐྱིད་པོ་བྱས་པའི་ལོ་ཙཱ་བ་དང་པཎ་ཏ་ནི་རྒྱ་བོད་གང་ན་ཡང་མེད་དོ།

འཇིག་རྟེན་པ་ནི་སློབ་མི་དགོས་པར་རང་བཞིན་གྱིས་ཤེས་པ་ཡིན་ལ་ཡོན་ཏན་ནི་མཁས་པའི་གོང་ན་ཡོད་པ་མ་

ཡིན་ནོ། ཟེར།


རྣམ་པ་ཚོས་འདིའི་གོ་དོན་གསལ་བོ་ཞིག་རྟོགས་སོང་ངམ།   སྤྱིར་ཤེས་ཡོན་འཐུས་ཤོར་གྱི་ཨག་སྐད་ཤོར་བཞིན་

པའི་སྐབས་ཤིག་ལ་འདི་ལྟའི་གོ་རྒྱུ་མེད་པ་དག་བྲིས་ནས་ཡིག་རྒྱུགས་བླངས་བསྡད་ན་སློབ་ཕྲུག་འདི་ཚོར་བློ་སྐྱེད་

ཅིག་ཡོང་གི་རེད་དམ།

Back

Search site

© 2012 All rights reserved. No information or images from this website can be copied or used for any purpose without permission from "KonchoK..com

དཀོན་མཆོག་བོད་རང་བཙན་དྲ་ཚིགས།