ངྷ་སར་ཕེབས་པ།

20/12/2008 18:28

ཨུ་རུ་སུ་གྲོས་ཚོགས་འཐུས་མི་ངྷ་སར་ཕེབས་པ།

 

ཨུ་རུ་སུ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁྱབ་ཁོངས་ཁཱལ་མིག་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་བློན་དང་གྲོས་ཚོགས་ཚོགས་གཞོན། ཨུ་རུ་སུ་དབུས་གྲོས་ཚོགས་འཐུས་མི་གསུམ། དེ་བཞིན་གསར་འགོད་པ་ ༢༢ བཅས་བཞུགས་སྒར་ངྷ་རམ་ས་ལར་གཟིགས་སྐོར་དུ་ཕེབས་ཡོད།

ཕྱི་ཚེས་ ༡༩ ཉིན་གྱི་དགོང་དྲོ་བོད་གཞུང་བཀའ་བློན་རྣམ་པ་དང༌། བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་གཙོས་སྤྱི་འཐུས་རྣམ་པས་ཨུ་རུ་སུ་སྤྱི་མཐུན་རྒྱལ་ཁབ་ཁྱབ་ཁོངས་ཁལ་མིག་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་བློན་སེན་ལི་བིལ་བ་ཌི་མེར་མཆོག་དང་ཁཱེལ་མིག་གཞུང་གི་གྲོས་ཚོགས་ཀྱི་ཚོགས་གཞོན་དང་ཨུ་རུ་སུ་དབུས་གྲོས་ཚོགས་འཐུས་མི་ ༣ ། གསར་འགོད་པ་ ༢༢ བཅས་ལ་གངས་སྐྱིད་སྤྱི་ཐབ་ཐོག་ཁང་ནས་དགོང་དྲོའི་གསོལ་ཚིགས་ཕུལ་ཡོད་པ་དང༌། སྐབས་དེར་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་གསུངས་དོན། དེ་རིང་ཨུ་རུ་སུ་དབུས་གྲོས་ཚོགས་ཀྱི་མི་སྣ་ཁག་གཅིག་གཟིགས་སྐོར་དུ་ཕེབས་པ་ ༡༩༩༤ ལོའི་ཚུན་ནས་ཐེངས་དང་པོ་ཆགས་ཡོད། བོད་དང་ཨུ་རུ་སུ་བར་གྱི་རིག་གཞུང་དང་ཆོས་ལུགས། ཆབ་སྲིད་སོགས་ཀྱི་ཐད་ལ་འབྲེལ་བ་བཟང་དུ་འགྲོ་བའི་རྣམ་པ་ཡིན་པས། ང་རང་གིས་བོད་མི་མང་སྤྱི་འཐུས་ལྷན་ཁང་གི་ཚབ་བྱས་ཏེ་དགའ་བསུ་ཞུ་རྒྱུ་ཡིན། ཞེས་གསུངས་བྱུང༌།

ཁཱལ་མིག་རྒྱལ་ཡོངས་ནང་བའི་དབུ་ཁྲིད་ཏེ་ལོ་རིན་པོ་ཆེ་མཆོག་ནས་ཐེངས་འདིའི་གཟིགས་སྐོར་ཐད་ངོ་སྤྲོད་གནང་དོན། བོད་གཞུང་གྲོས་ཚོགས་འཐུས་མི་ ༥ ཨུ་རུ་སུ་ཁཱལ་མིག་སྤྱི་མཐུན་རྒྱལ་ཁབ་ལ་གཟིགས་སྐོར་དུ་ཕེབས་སྐབས། ཁཱལ་མིག་ནང་ཡོད་པའི་ནང་བའི་དགོན་པས་ཨུ་རུ་སུ་དབུས་གཞུང་གི་གྲོས་ཚོགས་ལ་འབྲེལ་བ་གནང་བ་བརྒྱུད། ཐེངས་འདིར་ཨུ་རུ་སུ་དབུས་གཞུང་གི་གྲོས་ཚོགས་འཐུས་མི་གསུམ་བོད་མིའི་སྤྱི་ཚོགས་དང་ཆབ་སྲིད་ཀྱི་གནས་སྟངས་ལ་རྒྱུས་ལོན་བྱེད་པར་ཕེབས་པ་དང་པོ་རེད་ལ། རིམ་པས་ཨུ་རུ་སུ་དབུས་གཞུང་གི་གྲོས་ཚོགས་སུ་ཡང་བོད་དོན་རྒྱབ་སྐྱོར་ཚོགས་པ་ཞིག་འཛུགས་ཐུབ་པའི་རེ་བ་བྱེད་ཀྱི་ཡོད། ཅེས་ངོ་སྤྲོད་གནང་བྱུང༌།

དེའི་རྗེས་ཁཱལ་མིག་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་བློན་མཆོག་གིས་གསུང་བཤད་གནང་དོན། ང་རང་ནང་པ་ཞིག་ཡིན་སྟབས། གནས་མཆོག་འདིར་ཡོང་ཐུབ་པ་བྱུང་བ་བསོད་ནམས་ཆེན་པོ་རེད་བསམ་ཡོད་ལ། དེ་རིང་ང་ཚོ་འདི་ཁུལ་གྱི་དགོན་སྡེ་ཁག་ལ་ལྟ་སྐོར་དུ་སྐྱོད་སྐབས། ནང་ཆོས་སློབ་གཉེར་གནང་སའི་ཁོར་ཡུག་ཡག་པོ་ཡོད་པ་མཐོང་ནས་དགའ་སྤྲོ་སྐྱེས་བྱུང༌། ནང་ཆོས་ནི་མིའི་རིགས་ཀྱི་མཐར་ཐུག་གི་བདེ་སྐྱིད་དང་ཞི་བདེ་ཡོང་སའི་མགོ་ཁུངས་ཡིན། ཞེས་གསུངས་བྱུང༌། སྐབས་དེ་དང་བསྟུན་ཏེ་བོད་མི་མང་སྤྱི་འཐུས་རྒྱུན་ལས་ཆབ་སྲིད་སྡེ་ཚན་གྱིས་ད་ལོ་བོད་ནང་བྱུང་བའི་ཞི་རྒོལ་རྒྱབ་ལྗོངས་བྱས་པའི་གླུ་གཞས་ཀྱི་འོད་སྡེར་ཞིག ཁཱལམིག་སྲིད་བློན་མཆོག་གིས་དབུ་འབྱེད་གནང་ཡོད།

དེའི་རྗེས་ཨུ་རུ་སུ་དབུས་གྲོས་ཚོགས་འཐུས་མི་སྐུ་ཞབས་བེ་ལི་རེལ་མཆོག་གིས་གསུང་བཤད་གནང་དོན། དེ་རིང་ང་ཚོ་བོད་གཞུང་དཔེ་མཛོད་ཁང་གཙོས་པའི་སྡེ་ཚན་ཁ་ཤས་སུ་ལྟ་སྐོར་ལ་འགྲོ་རྒྱུ་བྱུང༌། བོད་པའི་སྤྱི་ཚོགས་ཆུང་ཆུང་ཡིན་རུང་ཚགས་ཚུད་ཡིན་པའི་རྣམ་པ་མཐོང་སོང༌། དེ་བཞིན་ང་ཚོ་ཕར་སོང་ནས་གྲོས་ཚོགས་གཙོས་པའི་ཨུ་རུ་སུ་མི་དམངས་ལ་བོད་མིའི་གནས་བབ་ངོ་སྤྲོད་གནང་གི་ཡིན། ང་ཚོས་སང་ཉིན་ནི་ང་ཚོ་ནང་བའི་དབུ་ཁྲིད་ཆེན་པོ་༧གོང་ས་མཆོག་ལ་མཇལ་འཕྲད་གནང་རྒྱུའི་གོ་སྐབས་ལ་རེ་སྒུག་བྱས་ཡོད། ཅེས་གསུངས་བྱུང༌།

ཐེངས་འདིའི་རུ་སོག་གཟིགས་སྐོར་ཚོགས་ཆུང་གི་སྣེ་ཁྲིད་པ་དང༌། ཁཱལ་མིག་ནང་བའི་དབུ་ཁྲིད་ཏེ་ལོ་རིན་པོ་ཆེ་མཆོག་ལ་རྒྱ་ནག་གི་གནོན་ཤུགས་བྱུང་ཡོད་མེད་བཅར་འདྲི་ཞུས་པར་ཁོང་གིས། དེ་རིང་ཨུ་རུ་སུ་ཕྱི་སྲིད་ལྷན་ཁང་ནས་ཁ་པར་བརྒྱུད། གནོན་ཤུགས་སྤྲོད་ཀྱིན་འདུག་མོད། ཡིན་ན་ཡང་གྲོས་ཚོགས་འཐུས་མི་ཚོས་དེ་ལ་སྣང་མེད་བཏང་སྟེ། བློ་སྟོབས་ཆེན་པོས་ཕེབས་ཡོད་པ་རེད། ཐེངས་འདི་ནི་ང་ཚོའི་གཟིགས་སྐོར་ཐོག་མ་ཆགས་ཡོད་སྟབས། ཕར་སོང་ནས་གནས་ཚུལ་ལྷིང་འཇགས་ལ་སོང་ན་མུ་མཐུད ཕྱག་ལས་གནང་གི་རེད། ཅེས་གསུངས་བྱུང༌།

ཡང་ཁོང་ལ་ད་ལོ་བོད་ནང་བྱུང་བའི་ཞི་རྒོལ་ཆེན་མོའི་ཐད་ལྟ་ཚུལ་གང་འདྲ་ཡོད་དམ་ཞེས་དྲིས་པར་ཁོང་གིས། སྤྱིའི་ཆ་ནས་ད་ལོ་བོད་ནང་དུ་ངོ་མ་ཡིད་སྐྱོ་དགོས་ལ་སེམས་ཕམ་དགོས་པའི་དོན་རྐྱེན་མང་པོ་བྱུང་སོང༌། ཡིན་ན་ཡང་ཕྱོགས་གཅིག་ནས་དེ་ནི་གོ་སྐབས་ཡག་པོ་ཞིག་རེད་བསམ་གྱིན་ཡོད། བོད་ནང་གི་བོད་མི་ཚོས་མུ་མཐུད་དུ་ཤུགས་རྒྱག་དགོས། འཛམ་གླིང་འགྱུར་བ་འགྲོ་བཞིན་པ་ལྟར་ རྒྱ་ནག་ནང་ཁུལ་ཏག་ཏག་འགྱུར་བ་འགྲོ་གི་རེད། ང་ཚོཚང་མའི་ཐུན་མོང་གི་རེ་བ་འགྲུབ་གི་རེད་བསམ་གྱི་ཡོད། ངས་ཆེན་པོ་བྱེད་ཐུབ་ཀྱིན་མེད་རུང་རང་ནུས་ཡོད་ཚད་ཀྱིས་བོད་དོན་རྒྱབ་སྐྱོར་བ་འཚོལ་བ་སོགས་ཀྱི་ལས་ཀ་བྱེད་ཀྱིན་ཡོད། ཅེས་གསུངས་བྱུང༌། 

Back

Search site

© 2012 All rights reserved. No information or images from this website can be copied or used for any purpose without permission from "KonchoK..com

དཀོན་མཆོག་བོད་རང་བཙན་དྲ་ཚིགས།