ང་ལ་བོད་རང་བཙན་གཙང་མ་དགོས།

24/09/2008 19:15

ད་ནས་བཟུང་ང་རང་བོད་རང་བཙན་གཙང་མའི་ལམ་དུ་ཤར་སྐྱོད་བྱ་རྒྱུ་ཡིན། དེ་རྒྱུ་མཚན་མེད་པར་བཤད་པ་མིན། སྔོན་བརྒྱད་ཅུ་གྱ་གྲངས་ནས་༧གོང་ས་མཆོག་གིས་རྒྱ་ནག་གི་མགོ་ཁྲིད་ཚོའི་སྐད་ཆར་ཉན་དུ་སོང་གསུངས་ཏེ། ཕ་ལགས་དང་ངེད་གཉིས་རྒྱ་ནག་ལ་ཐེངས་མང་སྐྱོད་དེ། སྲིད་འཛིན་ཧུའུ་སོགས་མཐོ་རིམ་མགོ་ཁྲིད་ཚོར་ཐུག་འཕྲད་བྱུང༌། རྒྱ་ནག་གི་མགོ་ཁྲིད་ཚོའི་བཤད་སྟངས་སྤྱོད་སྟངས་ཚང་མ་སྐྱག་རྫུན་དང་མགོ་སྐོར་ཡིན་པ་གསལ་བོ་ཆགས་སོང༌། ཞེས་སྐུའི་གཅེན་པོ་རྒྱལ་ལོ་དོན་གྲུབ་ཀྱི་སྲས་བསྟན་འཛིན་མཁས་གྲུབ་ཀྱིས་གསུངས་ཡོད།

ཕྱི་ཚེས་ ༨ ཉིན་སྐབས་བཅུ་བཞི་བའི་གྲོས་ཚོགས་ཚོགས་དུས་དྲུག་པ་མགོ་འཛུགས་བྱས་ཏེ། ཕྱི་ཚེས་ ༡༦ ཉིན་མཇུག་སྡོམ་མཛད་ཡོད་ལ། འཆར་ཅན་བཞིན་སྤྱི་ལོ་ ༢༠༠༧ ནས་ ༢༠༠༨ བར་གྱི་བཙན་བྱོལ་བོད་གཞུང་གི་བཀའ་བློན་ལྷན་ཁང་བདུན་གཙོས་པའི་ལས་ཁུངས་མ་ལག་དང་བཅས་པའི་ལས་སྡོམ་སྙིང་བསྡུས། བཀའ་བློན་རྣམ་པས་གྲོས་ཚོགས་ནང་སྙན་སྒྲོན་ཞུས་སོང་ལ། བྱས་རྗེས་ཆེ་བའི་སྐུ་གཤེགས་དམ་པ་ཚོ་དང་བོད་ནང་དོན་རྐྱེན་འཁྲོད་འདས་གྲོངས་སུ་སོང་བའི་རྒྱལ་གཅེས་བ་བཅས་ལ་གཞུང་འབྲེལ་མྱ་ངན་གུས་འདུད་ཞུས་སོང༌། དེ་བཞིན་བཙན་བྱོལ་བོད་པའི་ཤེས་ཡོན་དང་འཕྲོད་བསྟེན། ཆབ་སྲིད། སྤྱི་ཚོགས་བཅས་ཀྱི་ཐད་དྲི་བ་དྲིས་ལན་དང་ཐུགས་སྣང་གཞེན་སྐུལ་དག་ཀྱང་འཆར་ཅན་ལྟར་གནང་སོང༌། ཐེངས་སྔ་མའི་གྲོས་ཚོགས་ཚོགས་དུས་ལྔ་བ་དེ་བོད་ནང་གི་ཞི་རྒོལ་ཆེན་མོའི་སྐབས་དང་འཁེལ་ཡོད་ལ། ད་ལྟའི་བར་གྱི་ཟླ་དྲུག་གི་རིང༌། བོད་ནང་བློ་ཡུལ་ལས་འདས་པའི་དོན་རྐྱེན་སྣ་ཚོགས་བྱུང་སྟེ། བོད་གཞིས་བྱེས་གཉིས་ཀྱི་མི་མང་གིས་རྩ་དོན་ཐོག་བསམ་བློ་བསྐྱར་དུ་གཏོང་མགོ་ཚུགས་ཡོད་སྟབས། ཐེངས་འདིའི་གྲོས་ཚོགས་ཚོགས་དུས་དྲུག་པར་སྤྱི་འཐུས་ ༤༣ གཅིག་ཀྱང་མ་ཆད་པར་དོ་སྣང་ཆེན་པོས་ཚང་འཛོམས་བྱུང་ཡོད། ཚོགས་འདུའི་ཉིན་དང་པོར་སྤྱི་མོས་ཀྱིས་ཐག་ཆོད་བྱུང་བའི་གཞུང་འབྲེལ་གྲོས་ཆོད། བོད་ནང་ཞི་བའི་སྒེར་ལངས་ལས་འགུལ་འགྲོ་མུས་དང༌། དེ་ལ་རྒྱ་ནག་གཞུང་གིས་དྲག་གནོན་བྱེད་མུས་ལ། རང་དབང་ལུང་པའི་བོད་པ་དང་བོད་དོན་རྒྱབ་སྐྱོར་བ་ཚོས་སྔར་ལས་ལྷག་པའི་བྱ་ཐབས་ཅི་ཡོད་ཅེས་པའི་ཐད། གྲོས་ཚོགས་འཐུས་མི་ ༢༧ ཙམ་གྱིས་ཚོར་ཤུགས་ཆེན་པོས་དགོངས་འཆར་བཏོན་སོང་ལ། དེ་དག་ལས་དམིགས་བསལ་གཅིག་ནི། མདོ་སྨད་སྤྱི་འཐུས་བསྟན་འཛིན་མཁས་གྲུབ་ལགས་ཀྱིས། ད་ནས་བཟུང་ང་རང་བོད་རང་བཙན་གཙང་མའི་ལམ་དུ་ཤར་སྐྱོད་བྱེད་རྒྱུ་ཡིན། དེ་རྒྱུ་མཚན་མེད་པར་བཤད་པ་མིན། སྔོན་བརྒྱད་བཅུ་གྱ་གྲངས་ནས་༧གོང་ས་མཆོག་གིས་རྒྱ་ནག་གི་མགོ་ཁྲིད་ཚོའི་སྐད་ཆར་ཉན་དུ་སོང་གསུངས་ཏེ། ཕ་ལགས་དང་ངེད་གཉིས་རྒྱ་ནག་ཏུ་ཐེངས་མང་སྐྱོད་ཅིང༌། ད་ལྟའི་སྲིད་འཛིན་ཧུའུ་སོགས་མཐོ་རིམ་མགོ་ཁྲིད་ཚོར་ཐུག་འཕྲད་བྱུང་སྟེ། རྒྱ་ནག་གི་མགོ་ཁྲིད་ཚོས་བཤད་སྟངས་སྤྱོད་སྟངས་ཚང་མ་སྐྱག་རྫུན་དང་མགོ་སྐོར་ཡིན་པ་གསལ་བོ་ཆགས་སོང༌། ཞེས་གྲོས་ཚོགས་ར་བ་ནས་ཡོངས་ཁྱབ་གསལ་བསྒྲགས་བྱས་སོང་ལ། སྤྱི་འཐུས་གཞན་མང་དག་ཅིག་གིས་ཀྱང༌། ད་ལོའི་ཞི་རྒོལ་གྱིས་ཆོལ་ཁ་གསུམ་ཆིག་སྒྲིལ་ལ་སྟོབས་ཤུགས་བསྣན་སོང་ལ། བོད་རྒྱའི་འབྲལ་མོལ་ཐེངས་བརྒྱད་པ་ཧ་ཅང་གནད་འགག་ཆགས་ཡོད་པ། སྤྱི་ཟླ་ ༡༡ པའི་ནང་འཚོགས་གཏན་འཁེལ་ཡོད་པའི་བོད་པའི་རྩ་དོན་ཐོག་དམིགས་བསལ་ཚོགས་ཆེན་དེ་གལ་འགངས་ཤུན་ཏི་ཆེ་བ་དང༌། ཚོགས་ཆེན་དེའི་བོད་ཕྱི་ནང་གཉིས་ཀྱི་མི་དམངས་ཀྱི་བསམ་ཚུལ་བསྡུ་རུབ་ཀྱིས་བོད་པའི་རྩ་དོན་ཐད་སྲིད་བྱུས་བརྟན་པོ་ཞིག་དང༌། ལངས་ཕྱོགས་ཁ་གསལ་ཞིག་ཡོང་རྒྱུར་རེ་བ་ཆེན་པོ་བྱེད་ཀྱིན་འདུག

Back

Search site

© 2012 All rights reserved. No information or images from this website can be copied or used for any purpose without permission from "KonchoK..com

དཀོན་མཆོག་བོད་རང་བཙན་དྲ་ཚིགས།