ང་ཚོ་མི་འདྲ།

30/12/2008 19:07

 

ཏཱ་ལའི་བླ་མ་དང་འཛམ་གླིང་གི་གྲགས་ཅན་མི་སྣ་དག་ནི་ང་ཚོ་དང་གཏན་ནས་མི་འདྲ་སྟེ། ཁོང་ཚོ་ནི་འགྲོ་བ་མིའི་རིགས་ཁྲོད་ཀྱི་དཔའ་བོ་དང༌། གང་ཟག་འདི་དག་ལ་བརྟེན་ནས་ང་ཚོས་བསམ་བློ་གསར་བ་ཞིག་དང༌། ང་ཚོས་ཐལ་རྡུལ་གྱིས་ཁེངས་བའི་འཇིག་རྟེན་ཏུ་མཛེས་སྡུག་ལྡན་པའི་མདུན་ལམ་ཞིག་ཡོད་པ་རྟོགས་ཐུབ་ཅེས་བཀོད་ཡོད་འདུག


ཕྱི་ཚེས་ ༢༩ ཉིན་གསར་ལམ་ཁག་ཏུ་གནས་ཚུལ་བཀོད་པ་ལྟར་ན། ཐའེ་ཝན་གྱི་སྐད་གྲགས་ཅན་གྱི་གླུ་བ་ཐའོ་ཅི་ཡིས་རང་ཉིད་ཀྱི་ཆེད་སྒྲིག་འོད་སྡེར་《I’m OK》ཞེས་པའི་ནང་མི་འདྲ་བ་ཞེས་པའི་གླུ་གཞས་ཤིག་བཏང་ཡོད་པ་དང༌། དེ་ནི་བོད་ཀྱི་དབུ་ཁྲིད་༧ གོང་ས་སྐྱབས་མགོན་ཆེན་པོ་མཆོག་གཙོ་བྱས་པའི་འཛམ་གླིང་སྙན་གྲགས་ཅན་མི་སྣར་བསྟོད་བསྔགས་བྱས་པའི་གཞས་ཚིག་ཅིག་རེད། ཁོང་གི་གཞས་ཚིག་གི་ནང་དོན་གཙོ་བོ་ནི། ཏཱ་ལའི་བླ་མ་དང་དབུ་འཁྲིད་གང་མང་ནི་ང་ཚོ་དང་གཏན་ནས་མི་འདྲ་སྟེ། ཁོང་ཚོ་ནི་མིའི་རིགས་ཀྱི་དཔའ་བོ་ཡིན་པ་དང༌། གང་ཟག་འདི་དག་བརྒྱུད་ང་ཚོས་བསམ་བློ་གསར་བ་ཞིག་རྙེད་ཐུབ་པ་མ་ཟད། འདི་དག་ལ་བརྟེན་ནས་ང་ཚོས་ཐལ་རྡུལ་གྱིས་ཁེངས་བའི་འཇིག་རྟེན་ལ་མཛེས་སྡུག་ལྡན་པའི་མདུན་ལམ་ཞིག་ཡོད་པ་རྟོགས་ཐུབ་ཅེས་གཞས་ཚིག་ནང་བཀོད་ཡོད་འདུག ཁོང་གི་ཆེད་སྒྲིག་འོད་སྡེར་《I’m OK》འདི་ནི་སྤྱི་ལོ་ ༡༩༩༩ ལོར་འགྲེམས་སྤེལ་བྱས་པ་ཞིག་ཡིན་པ་དང༌། མི་འདྲ་བ་ ཞེས་པའི་གླུ་གཞས་དེའང་འོད་སྡེར་དེའི་ཁྲོད་དུ་ཡོད་པ་རེད། སྐབས་དེར་ཁོང་གི་འོད་སྡེར་རྒྱ་ནག་གཞུང་གིས་བཀག་པར་བརྟེན་ཡུན་རིང་རྒྱ་ནག་ནང་འགྲེམས་སྤེལ་བྱ་ཐུབ་མེད་ནའང༌། འཛམ་གླིང་ནང་སྐད་གྲགས་ཆེ་བའི་འོད་སྡེར་འགྲེམས་སྤེལ་བཟོ་གྲྭ་ཆེན་མོ་EMI བཟོ་གྲྭའི་རོགས་རམ་འོག་ཐའོ་ཅིའི་སྔར་ཡོད་ཀྱི་འོད་སྡེར་མཐའ་དག་འགྲེམས་སྤེལ་བྱས་ཐུབ་པར་གྱུར་ཅིང༌། རྒྱ་ནག་ནང་ཁུལ་གྱི་ལག་འཁྱེར་ཁ་པར་སོགས་ཀྱི་ནང་དུ་འང་མི་འདྲ་བ་ཞེས་པའི་གཞས་འདི་ནང་འཇུག་བྱས་ཡོད་ཅིང་ཁྱབ་རྒྱ་ཆེན་པོ་ཕྱིན་ཡོད་པ་རེད། ཡིན་ནའང༌། རྒྱ་ནག་གིས། ཁོང་གི་གཞས་འདི་དག་ལ་འབྲེལ་བའི་འོད་སྡེར་མང་པོ་བསྡུ་རུབ་བྱེད་ཀྱིན་ཡོད་པ་མ་ཟད། ལག་འཁྱེར་ཁ་པར་ཏུ་ཡོད་པའི་གླུ་གཞས་མཐའ་དག་མེད་པར་བཟོས་ཡོད་པ་དང༌། ལོ་ངོ་འདི་དག་རིང་ཁོང་གིས་འགྲེམས་སྤེལ་བྱས་པའི་འོད་སྡེར་ ༡༠ ལྷག་ཡོད་པ་དེ་དག་བསྡུ་རུབ་དང་ཉོ་ཚོང་བཀག་འགོག་བྱེད་བཞིན་ཡོད་འདུག་ལ། འབྲེལ་ཡོད་མི་སྣ་མང་པོ་ཞིག་གིས་བརྗོད་དོན་ལ། ཁོང་གི་གཞས་འདི་ནི་བོད་རང་བཙན་དང་ཏཱ་ལའི་བླ་མར་འབྲེལ་བ་ཡོད་པའི་ཐོག་བཀག་འགོག་བྱས་པ་ཞིག་ལ་ངོས་འཛིན་བྱེད་བཞིན་ཡོད་པ་རེད།   

 

Back

Search site

© 2012 All rights reserved. No information or images from this website can be copied or used for any purpose without permission from "KonchoK..com

དཀོན་མཆོག་བོད་རང་བཙན་དྲ་ཚིགས།