གྲོས་འཆར་དང་ཚ་བོ་

22/09/2009 14:52

གྲང་སེང་བཏང་པའི་གྲོས་འཆར་དང་ཚ་བོ་ཆགས་པའི་སྤྱི་ཚོགས།
སྤྱི་འཐུས་བསྟན་འཛིན་མགོན་པོ།

སྤྱི་འཐུས་སྐབས་བཅུ་བཞི་པའི་ཚོགས་དུས་བརྒྱད་པའི་སྟེང་། སྤྱི་འཐུས་སྒེར་གྱི་གྲོས་འཆར་ཡིག་ཆ་ཨང་ ༣༨ ཅན་ལ་

བརྟེན་ནས།   གྲོས་ཚོགས་ཀྱི་གྲུབ་ཆ་མ་ཚང་པའི་རྐྱེན་གྱིས་ཚོགས་འདུའི་མཇུག་སྡོམ་གནང་ཐབས་མ་བྱུང་ནས།  ཆུ་

ཚོད་ངེས་མེད་བར་ཚོགས་སེང་གཏོང་དགོས་འཁེལ་ཡོད། མཇུག་འབྲས་འདི་འདྲ་ཞིག་ནི་གྲོས་འཆར་འདོན་མཁན་

དང་རྒྱབ་སྐོར་གནང་མཁན་ཚོའི་ཐོག་མའི་རེ་བ་དང་སྐུལ་སློང་ཡིན་རྒྱུ་མ་རེད།    གཅིག་བྱས་ན་གྲོས་འཆར་འདོན་

མཁན་དང་རྒྱབ་སྐྱོར་བྱེད་མཁན་སྐོར་ཞིག་གི་བསམ་བློའི་ནང་དུ་མཇུག་འབྲས་འདི་འདྲ་ཞིག་ཡིན་པ་འཁོར་ཡང་

ཡོད་སྲིད་ཀྱི་མ་རེད། ཡིན་ན་ཡང་། བཙན་བྱོལ་སྤྱི་ཚོགས་ནང་གི་མཛད་གཙོ་རིམ་བྱོན་ཁ་ཤས་ཀྱི་མཛད་ཉེས་ལ་བརྟེན་

ནས། བཙན་བྱོལ་སྤྱི་ཚོགས་ནང་གི་མདོ་སྟོད་པ་མང་པོ་ཞིག་ལ། དབུས་གཙང་པ་དང་མདོ་སྨད་པ། མདོ་སྟོད་ཀྱི་མི་སྐོར་

ཞིག་ལག་སྦྲེལ་བྱས་ཏེ་མདོ་སྟོད་མི་དམངས་རྣམས་བོད་ཀྱི་སྤྱི་ཚོགས་ནང་སྡོད་བདེ་མེད་པ་བཟོ་བའི་བསམ་ཚུལ་ཡོད་པ་

དེར་གྲོས་འཆར་འདོན་མཁན་ཚོས་དྲན་སྐུལ་ཐེངས་གཅིག་བྱས་པ་རེད། འདི་ནི་གྲོས་འཆར་འདིའི་ནོར་འཁྲུལ་དང་

པོ་རེད།

མདོ་སྟོད་ཀྱི་མི་མང་པོ་ཞིག་ལ་འདི་འདྲའི་བསམ་བློ་ཞིག་ཡོད་པ་ནི། ཕྱོགས་མང་པོ་ཞིག་ནས་འཐུས་ཤོར་དང་ནོར་

འཁྲུལ་བཟོས་པའི་འབྲས་བུ་རེད་མ་གཏོགས། ཕྱོགས་གཅིག་དང་རྒྱུ་གཅིག་ལས་གྲུབ་པ་མིན་པས། ཆོལ་ཁ་དང་ཆོས་

བརྒྱུད་ཀྱི་འཐེན་འཁྱེར་དུ་འགྱུར་ཉེན་ཡོད་པའི་གནད་དོན་མདུན་ཕྱོགས་ཡོངས་ཀྱི་བསམ་བློ་གཏོང་ཐུབ་དགོས་པ་

ལས། དྲང་མདོག་དང་སྤྱི་སེམས་ཡོད་མདོག་གི་ཧོལ་རྒྱུགས་བྱས་ན། རང་ཉིད་དོལ་རྒྱལ་ཚོགས་པ་དང་རྒྱ་ནག་གཞུང་

གིས་བོད་ཀྱི་སྤྱི་ཚོགས་དཀྲུགས་པའི་ལག་ཆར་འགྱུར་ཉེན་ཡོད།

རྒྱ་ནག་སྲིད་གཞུང་གིས་བོད་ནང་གི་མི་དམངས་ལ་གདུག་རྩུབ་ཇེ་ཆེ་ཇེ་ཆེ་རུ་གཏོང་བ་དང་།  ༧སྤྱི་ནོར་༧གོང་ས་

སྐྱབས་མགོན་རྡོ་རྗེ་འཆང་ལ་སྐུར་འདེབས་ཤུགས་ཆེ་རུ་འགྲོ་བཞིན་པའི་སྐབས་ལ། རྒྱ་ནག་གི་བྱེད་སྟངས་ལ་མཐའ་

གཅིག་ཏུ་བཟོད་བསྲན་ཐུབ་ཞིང་། རྒྱ་ནག་གཞུང་ལ་ཕོག་པའི་ཚིག་གི་སྨྲ་མཚམས་བཅད།   རྒྱ་ནག་གཞུང་ལ་ཕོག་

པའི་ལས་འགུལ་སྤེལ་མཚམས་བཞག་ནས་ཞི་མོལ་འཁོར་ཡུག་བསྐྲུན་ཐུབ་བཞིན་དུ། དོན་དག་ཆུང་ཆུང་ཞིག་གི་སྟེང་།

ཤ་རུས་གདོང་རྒྱུད་གཅིག་པའི་འཁྲུངས་ཡུལ་མདོ་སྟོད་ཡིན་པའི་སྤྱི་འཐུས་སྐོར་ཞིག་གི་བསམ་ཚུལ་ལ་དགོངས་བཞེས་

མི་ཐུབ་པའི་རྒྱུ་མཚན་གང་ཡང་ཡོད་པ་མ་རེད། འདི་ནི་གྲོས་འཆར་དེའི་ནོར་འཁྲུལ་གཉིས་པ་རེད།

ཡིག་ཆ་ཨང་ ༣༨ ཅན་གྱི་གྲོས་འཆར་གྲང་སེང་བཏང་ན། གྲོས་འཆར་འདོན་མཁན་རྣམས་དང་གྲོས་ཚོགས་ནས་ཕྱི་

ལོག་ལ་ཕེབས་མཁན་ཚང་མར་སྤྱི་ཚོགས་ཐོག་ལབ་གླེང་སྣ་ཚོགས་འབྱུང་ངེས་དང་དེའི་རྐྱེན་གྱིས་བཙན་བྱོལ་སྤྱི་

ཚོགས་ནང་དགྲ་དགའ་གཉེན་སྡུག་གི་གླེང་ཕྱོགས་མང་དག་ཅིག་འབྱུང་ངེས་པ་མཁྱེན་བཞིན་དུ། བཅའ་ཁྲིམས་ཀྱི་

དགོངས་དོན་ལྟར་ ༧སྤྱི་ནོར་༧གོང་ས་སྐྱབས་མགོན་རྡོ་རྗེ་འཆང་ལ་ཚོགས་འདུ་ཕར་འགྱངས་ཀྱི་ཆོག་མཆན་ཞུས་

ནས། ཡིག་ཆ་ཨང་ ༣༨ ཅན་གྱིས་མཚོན་པའི་ལས་རིམ་ཚང་མ་མཇུག་སྡོམ་གནང་ཐབས་གང་ཡང་མ་གནང་བར།

ཨུ་ཚུགས་མཐར་སྐྱེལ་གྱིས་ཚོགས་དུས་བརྒྱད་པ་གཏན་འཁེལ་པའི་དུས་ཚོད་ནང་དུས་ཚོད་ངེས་མེད་བར་ཚོགས་

སེང་བཏང་བ་དང་ལྷན། གྲོས་ཚོགས་ཀྱི་ལས་རིམ་ཚང་མ་གྲང་སེང་བཏང་བ་ནི།   བཙན་བྱོལ་སྤྱི་ཚོགས་ནང་དགྲ་

དགའ་གཉེན་སྡུག་གི་གླེང་ཕྱོགས་བཟོ་པར་མཐུན་པའི་རྐྱེན་དུ་གྱུར་ཡོད། འདི་ནི་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་

གཙོ་བགྲེས་གཞོན་གཉིས་ནས། བོད་སྤྱི་པའི་ལས་དོན་ཐད་རང་འཁྲི་འགན་མ་ཁུར་པའི་ནོར་འཁྲུལ་ཚབས་ཆེན་

ཞིག་རེད་ལ། རང་ཉིད་གོང་དུ་བཀུར་མཁན་གྱི་སྤྱི་འཐུས་ཚོར་ཡང་འགན་གང་ཡང་མ་ཁུར་པའི་ཡ་རབས་བཟང་

སྤྱོད་དང་བྲལ་པའི་མ་རབས་ཐ་ཤལ་གྱི་ནོར་འཁྲུལ་ཞིག་ཀྱང་རེད།

ཚོགས་དུས་བརྒྱད་པ་ཆུ་ཚོད་ངེས་མེད་བར་ཚོགས་སེང་བཏང་བ་དང་། གྲོས་འཆར་དེ་དང་ལས་རིམ་རྣམས་གྲང་སེང་

ལ་བཏང་རྗེས། སྟོབས་ལྡན་རྒྱལ་ཁབ་ཨ་རིའི་ཡུལ་མི་ཆགས་ནས། རང་ཉིད་ཀྱི་ཁྲག་རྩའི་ནང་རྒྱུ་བ་བོད་པའི་ཁྲག་ཡིན་

པ་སྔར་ནས་བརྗེད་ཚར་པའི། བྱང་ཆ་ཅན་གྱི་གསར་འགྱུར་བརྒྱུད་ལམ་ཁག་ནས། སྙིང་པོ་མེད་པའི་བགྲེ་གླེང་། ཕྱོགས་

སུ་ལྷུང་པའི་དྲི་བ་ཁག་རྣམས་དང་།      རྒྱ་གར་གཙོ་བྱས་པའི་བཙན་བྱོལ་སྤྱི་ཚོགས་ནང་གི་འགན་མི་ཁུར་པའི་གླེང་

ཕྱོགས་སོགས་ཀུན་ལ་བལྟས་ན།   གྲོས་འཆར་འདོན་མཁན་ཚོས་རྒྱ་ནག་གཞུང་མཉམ་དུ་ཞི་མོལ་འཁོར་ཡུག་བསྐྲུན་

པའི་ལྷག་བསམ་དེ་བོད་ཀྱི་སྤྱི་ཚོགས་ནང་འཁུར་ཡོང་ནས། གྲོས་འཆར་དེ་སྔ་ཙམ་ནས་ཕྱིར་འཐེན་བྱེད་རྒྱུ་ནི།    སྤྱི་

ཚོགས་དང་སྤྱི་འཐུས་སྒེར་ཚང་མར་ཕན་ཐོགས་ཡོད་པའི་ལམ་ཁ་ཉག་གཅིག་ཏུ་མཐོང་།

Back

Search site

© 2012 All rights reserved. No information or images from this website can be copied or used for any purpose without permission from "KonchoK..com

དཀོན་མཆོག་བོད་རང་བཙན་དྲ་ཚིགས།