གྲོས་ཚོགས་སུ་ཕེབས་པ།

17/12/2008 20:32

 

༧གོང་ས་མཆོག་ཧི་མ་ཅལ་གྲོས་ཚོགས་སུ་ཕེབས་པ །

འདོན་སྤེལ། ༢༠༠༨/༡༢/༡༧

ཧི་མ་ཅལ་མངའ་སྡེའི་ཡུལ་མི་དང་བོད་མིའི་བར་འཆམ་མཐུན་གྱི་འཚོ་བ་སྐྱེལ་བཞིན་ཡོད་པར་ང་རང་དགའ་བོ་བྱུང་ཡོད། སྤྱིར་བོད་མི་ཚོས་རང་གི་ལུང་པ་བཞག་ནས་ཕྱི་ཡུལ་ལ་གྱར་དགོས་བྱུང་ཡོད་ཀྱང༌། ཧི་མ་ཅལ་མངའ་སྡེ་གཞུང་དང་ཡུལ་མིའི་དམིགས་བསལ་གཟིགས་སྐྱོང་འོག འདིར་བཞུགས་བོད་ཡོངས་ལ་གཞན་ཡུལ་དུ་ཡོད་པའི་སྣང་བ་མེད་པར་ཧི་མ་ཅལ་ནི་རང་གི་ཕ་ཡུལ་གཉིས་པ་ལྟ་བུར་ངོས་འཛིན་བྱེད་ཀྱིན་ཡོད། ཅེས་༧གོང་ས་མཆོག་གིས་གསུངས་ཡོད།

དེ་རིང་སྔ་དྲོའི་ཆུ་ཚོད་ ༡༠ དང་ཕྱེད་ཀའི་སྟེང༌། ༧གོང་ས་མཆོག་བཞུགས་སྒར་ཕོ་བྲང་ནས་ཆིབས་ཐོན་གྱིས། རྒྱ་གར་ཧི་མ་ཅལ་མངའ་སྡེ་གཞུང་གི་གྲོས་ཚོགས་ཀྱི་ཚོགས་རྭར་གཟིགས་སྐོར་དུ་ཕེབས་ཡོད་ལ། དེ་གར་གྲོས་ཚོགས་འཐུས་མི་ཚོ་དང་ལྷན་དུ་གསོལ་ཇ་བཞེས་པ་དང་གསར་འགོད་པ་ཚོར་བཀའ་མོལ་གནང་ཡོད། ༧གོང་ས་མཆོག་གིས་གསར་འགོད་པ་ཚོར། ཧི་མ་ཅལ་གཙོ་བྱས་པའི་རྒྱ་གར་ནང་གི་དམངས་གཙོའི་རིང་ལུགས་དེ་ཚགས་ཚུད་པོ་ཡོད། བོད་གཞུང་གིས་ཀྱང་དམངས་གཙོའི་ལམ་དག་པ་ཞིག་ཏུ་སྐྱོད་པར་འབད་བརྩོན་ཞུ་བཞིན་ཡོད། རྒྱ་གར་གྱི་སྔོན་མའི་རིག་གཞུང་དེ་འཚེ་བ་མེད་པའི་ལྟ་བར་གཞི་བཅོལ་བ་ཡིན་སྟབས། དེའི་ཐོག་ནས་རྒྱ་གར་ནང་ལོགས་ཀྱི་སྲོལ་རྒྱུན་གྱི་ཆོས་ལུགས་དང་ཕྱི་ནས་དར་བའི་ཆོས་ལུགས་སོགས་ཆོས་ལུགས་ཕན་ཚུན་བར་བཟོད་སྒོམ་དང་འཆམ་མཐུན་བྱས་ཏེ་འཛམ་གླིང་ལ་ཁྱབ་ཐུབ་པ་གནང་དགོས།   རྒྱ་གར་གྱི་འཚེ་མེད་ཞི་བའི་ལྟ་གྲུབ་དེ་གནས་སྟངས་ཤིག་གི་འོག་ནས་གསར་གཏོད་གནང་བ་མ་ཡིན་པར་ལོ་ངོ་སྟོང་ཕྲག་མང་པོའི་རིག་གཞུང་གཞི་ལ་བཞག་ཡོད་སྟབས། དེ་ནི་འགྲོ་བ་མིའི་རིགས་སྤྱི་ལ་ཧ་ཅང་གིས་གལ་ཆེན་པོ་དང་རྩ་ཆེན་ཆགས་ཡོད། ཅེས་བཀའ་སློབ་གནང་ཡོད།

དེའི་རྗེས་ཀྱི་ཆུ་ཚོད་ ༡༢ དང་ཕྱེད་ཀའི་ཐོག་རྡ་ཤོད་ཉེ་ཁུལ་གྱི་དབྱུག་རྩེད་སྤོ་ལོ་རྩེད་ཐང་གསར་བར་ཆིབས་སྒྱིར་གྱིས་མངའ་སྡེའི་གྲོས་ཚོགས་བློན་ཆེན་གྱི་རུ་ཁག་དང་མངའ་སྡེ་རྫོང་དཔོན་གྱི་རུ་ཁག་གཉིས་ཀྱི་དབྱུག་རྩེད་སྤོ་ལོའི་འགྲན་བསྡུར་དབུ་འབྱེད་གནང་ཡོད། སྐབས་དེར་བཀའ་བློན་ཁྲི་བ་ཟམ་གདོང་རིན་པོ་ཆེའི་གཙོས་པའི་བཀའ་བློན་རྣམ་པ་དང༌། བོད་མི་དམངས་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་གཙོས་པའི་སྤྱི་འཐུས་རྣམ་པ། གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་སྐུ་མགྲོན། བཞུགས་སྒར་ཉེ་ཁུལ་གྱི་ཤེས་རབ་དགའ་ཚལ་སློབ་གླིང་གཙོས་པའི་སླབ་གྲྭ་ཁག་གི་སློབ་ཕྲུག་དང་དགོན་སྡེ་ཁག་གི་གྲྭ་བཙུན། ངྷ་རམ་ས་ལ་ཁུལ་གྱི་སེར་སྐྱ་མི་དམངས། རྒྱ་གར་ཡུལ་མི་དང་སློབ་གྲྭའི་སློབ་མ་སོགས་མི་གྲངས་སྟོང་ཕྲག་གིས་ཆིབས་བསུ་གཟབ་རྒྱས་བྱས་ཡོད་ལ།

གོང་ས་མཆོག་དབྱུག་རྩེད་སྤོ་ལོ་རྩེད་ཐང་དུ་ཕེབས་མ་ཐག་རུ་ཁག་གཉིས་ཀྱི་རྩེད་འགྲན་པ་རྣམས་ལ་ཁ་བཏགས་སྒྲོནའབུལ་དང་ཧི་མ་ཅལ་མངའ་སྡེ་བློན་ཆེན་ཕི་རེམ་ཁའུ་མལ་ཏོའུ་མ་དང་བློན་ཆེན་ཟུར་བ་རཱ་ཇའ་སབ། མངའ་སྡེ་གྲོས་ཚོགས་ཀྱི་ཚོགས་གཙོ་ཏའུ་ཙི་རམ་ཇེམ་བཅས་དང་ལྷན་དུ་འདྲ་པར་སྐྱོན་རྗེས་དབྱུག་རྩེད་སྤོ་ལོ་དངོས་སུ་མགོ་འཛུགས་བྱས་སོང༌། མངའ་སྡེ་གཞུང་གི་གོ་སྒྲིག་འོག་༧གོང་ས་མཆོག་གཙོས་པའི་བོད་གཞུང་གི་སྐུ་མགྲོན་རྣམ་པར་ཉིན་གུང་གསོལ་ཚིགས་འདེགས་འབུལ་སྐབས་༧གོང་ས་མཆོག་གིས་མངའ་སྡེ་སྤྱི་ཁྱབ་གཙོས་པའི་གནད་ཡོད་མི་སྣ་ཁག་ལ་གསུང་བཤད་གནང་ཡོད་ལ། བཀའ་བློན་ཁྲི་བ་ཟམ་གདོང་རིན་པོ་ཆེ་མཆོག་གིས་ཧིན་རྡུའི་སྐད་དུ་བསྒྱུར་ཡོད། ༧གོང་ས་མཆོག་གིས་གསུངས་དོན། ཧི་མ་ཅལ་མངའ་སྡེ་ཡུལ་མི་དང་བོད་མིའི་བར་འཆམ་མཐུན་གྱི་འཚོ་བ་སྐྱེལ་བཞིན་ཡོད་པར་ང་རང་དགའ་བོ་བྱུང་ཡོད། སྤྱིར་བོད་མི་ཚོས་རང་གི་ལུང་པ་བཞག་ནས་ཕྱི་ཡུལ་ལ་གྱར་དགོས་བྱུང་ཡོད་ཀྱང༌། ཧི་མ་ཅལ་མངའ་སྡེ་གཞུང་དང་ཡུལ་མིའི་དམིགས་བསལ་གཟིགས་སྐྱོང་འོག འདིར་གའི་བོད་ཡོངས་ལ་གཞན་ཡུལ་དུ་ཡོད་པའི་སྣང་བ་མེད་པར་ཧི་མ་ཅལ་ནི་རང་གི་ཕ་ཡུལ་གཉིས་པ་ལྟ་བུར་ངོས་འཛིན་བྱེད་ཀྱིན་ཡོད།ེས་གསུངས་ཡོད།

ཉིན་གུང་གསོལ་ཚིགས་དང་གསུང་བཤད་ལེགས་གྲུབ་ཟིན་རྗེས་༧གོང་ས་མཆོག་ཕྱིར་བཞུགས་སྒར་དུ་ཆིབས་བསྒྱུར་བསྐྱངས་ཡོད། སྐབས་དེར་འདི་གའི་གསར་འགོད་པས་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་ལགས་སུ་དེ་རིང་གི་མཛད་སྒོའི་སྐོར་བཅར་འདྲི་ཞུས་པར་ཁོང་གིས་གསུངས་དོན། སྤྱི་ལོ་ ༢༠༠༦ ལོར་ཧི་མ་ཅལ་མངའ་སྡེ་གྲོས་ཚོགས་ནང་དུ་བོད་དོན་རྒྱབ་སྐྱོར་ཚོགས་པ་ཞིག་གསར་འཛུགས་གནང་ཡོད་ལ། ལས་རིམ་འདི་ལམ་ལྷོང་བྱུང་ན་ད་དུང་མུ་མཐུད་ཁཱ་ན་ཌ་ཁཱ་མངའ་སྡེ་དང་ཨ་རི་ནཱ་ཅལ་མངའ་སྡེ་སོགས་སུ་ཡང་རྒྱ་སྐྱེད་བྱ་འཆར་ཡོད་པ་རེད། ཧི་མ་ཅལ་གྲོས་ཚོགས་ཀྱི་ཚོགས་འདུ་ཞིག་ལོ་རེར་རྡ་རམ་ས་ལའི་ཉེ་འཁོར་དུ་ཚོགས་གིན་ཡོད་པ་བཞིན་གྲོས་ཚོགས་ཀྱི་ཚོགས་འདུའི་སྐབས། གྲོས་ཚོགས་ཕན་ཚུན་བར་ལ་འབྲེལ་ལམ་འཛུགས་རྒྱུའི་ལས་གཞི་འདི་ལོ་ལྟར་ཡོད།ལོ་༧གོང་ས་མཆོག་ངྷ་རམ་ས་ལར་བཞུགས་ཡོད་པའི་སྐབས་འཁེལ་ཡོད་སྟབས་ཁོང་ལ་སྙན་སེང་ཞུས་པ་བཞིན་དགོངས་འཁྲོལ་ཐོབ་སྟེ་འདིར་ཕེབས་པ་རེད།

ང་ཚོའི་བཙན་བྱོལ་བོད་གཞུང་འདི་ཧི་མ་ཅལ་མངའ་སྡེ་ཁོངས་རེད། ཧི་མ་ཅལ་གྲོས་ཚོགས་དང་འབྲེལ་ལམ་འཛུགས་དགོས་པ་ཧ་ཅང་གལ་ཆེན་པོ་ཆགས་ཡོད་སྟབས། བོད་གཞུང་གི་གྲོས་ཚོགས་ནས་ཧི་མ་ཅལ་གྲོས་ཚོགས་ལ་འབྲེལ་ལམ་འདི་བཙུགས་པ་རེད། འཛིན་སྐྱོང་གིས་ཧི་མ་ཅལ་འཛིན་སྐྱོང་ལ་འབྲེལ་ལམ་གནང་དགོས་པ་གལ་ཆེན་པོ་རེད། ང་རང་སྒེར་ངོས་ནས་དམ་བཅའ་ཕུལ་ནས་ཉིན་གཉིས་པ་ཆགས་ཡོད་ལ། གཞུང་འབྲེལ་གྱི་མཛད་སྒོ་དང་པོ་ཆགས་ཡོད། སྐུ་མདུན་དབུ་བཞུགས་ཐོག་མངའ་སྡེ་གཞུང་གི་གནད་ཡོད་རྣམ་པར་འཚམས་འདྲི་ཞུ་ཐུབ་པ་བྱུང་བ་སྐལ་བ་བཟང་པོར་རྩི་གི་ཡོད། དེ་ཡིན་དུས་མགོ་ཡག་པོ་ཞིག་བཙུགས་ཐུབ་སོང་བ་བཞིན་མཇུག་ཀྱང་དེ་ལྟར་ཡག་པོ་ཞིག་སྐྱོང་ཐུབ་པར་རེ་བ་དང་འབད་བརྩོན་ཞུ་རྒྱུ་ཡིན། ཞེས་གསུངས་བྱུང༌།

 

ཤོག་ངོས་འདི་ཐེངས་ ༡༠ ལ་བཀླགས་འདུག
Back

Search site

© 2012 All rights reserved. No information or images from this website can be copied or used for any purpose without permission from "KonchoK..com

དཀོན་མཆོག་བོད་རང་བཙན་དྲ་ཚིགས།