གྲོ་བ་མིའི་བྱུང་རིམ་
13/07/2009 10:22གསུམ་པ། བོད་དུ་འགྲོ་བ་མིའི་བྱུང་རིམ་དང༌། འཕེལ་འགྲིབ།
རྒྱལ་ཁབ་གཞན་གྱིས་མིའི་འབྱུང་ཁུངས་བཤད་སྲོལ་དང༌། བོད་པས་བོད་མི་ཐོག་མ་ཇི་ལྟར་བྱུང་མིན་བཤད་སྲོལ་
བཅས་ལ་མི་འདྲ་བ་སྣ་ཚོགས་ཡོད་ཀྱང༌། མང་དག་བསམ་ཚུལ་དང་ཕྱོགས་ཞེན་ཙམ་ལས་རྒྱུ་མཚན་གྱིས་འགྲམ་
ཆུ་ལྡང་བའི་བསམ་རིན་ཡོད་པ་ཞིག་ཆེར་མེད། དཔེར་ན། བོད་པས་རྒྱ་གར་སྐྱ་སེང་བུ་ལྔ་འཐབ་པའི་ཚེ། རཱུ་པ་ཏི་
དཔུང་ཚོགས་རི་བོ་གངས་ཅན་གྱི་གསེབ་ཏུ་བྲོས་པའི་རིགས་ལས་བོད་མི་ཐོག་མ་བྱུང་ཟེར་བ་ལྟ་བུ་ནི་ནང་ཆོས་
འབྱུང་ཁུངས་ལ་ཕྱོགས་ཞེན་གྱིས་འཁྱོག་བཤད་ཤ་སྟག་བྱས་ཡོད། ཡིད་མི་ཆེས་ན། ཕྱོགས་རིས་འཁྱོག་བཤད་བྱས་
ཚུལ་ཡོད་དེ། འཇམ་དཔལ་རྩ་རྒྱུད་ལས། ང་ནི་ས་སྟེང་མྱ་ངན་འདའ། །ཁ་བ་ཅན་གྱི་ནང་དག་ཏུ། །སཱ་ལའི་ནགས་
ནི་ཡང་དག་འབྱུང༌། སོགས་ཀྱིས་སྟོན་པ་རང་ཉིད་མྱ་ངན་ལས་འདའ་བའི་ཡུལ་དང༌། ཇི་ལྟར་འདའ་ཚུལ་
གསུངས་པ་ལས་བོད་དང་འབྲེལ་བ་མེད་པ་དང༌། དེ་ཉིད་ལས། དེ་བཞིན་གཤེགས་པའི་བསྟན་འདི་ལ། །ཞེས་པ་
ནས་ཕྱི་རོལ་སྐྱེ་དགུས་ཉེ་བར་སྤྱོད། །ཅེས་ཚིགས་རྐང་སུམ་ཅུའི་སྐོར་ཞིག་གསུངས་པ་འདིས་བལ་པོའི་རྒྱལ་པོ་ལུང་
དུ་བསྟན་པ་ལས། བོད་ཀྱི་རྒྱལ་པོའི་སྐོར་གསུངས་མེད་ཀྱང་སྔ་མ་དག་གིས་རང་འདོད་ཀྱིས་བོད་དང་བོད་ཀྱི་
རྒྱལ་པོ་གཉིས་ལུང་དུ་བསྟན་ཚུལ་ལུང་བཅོས་རྫུན་བཤད་མང་དུ་བྱས་པ་འདི་དག་གིས་ཤེས་ནུས་པས་གཟབ་
དགོས་སོ། །ཚན་རིག་པས་མིའི་རིགས་བྱུང་ཚུལ་བཤད་པ་དང༌། བོད་པས་བོད་མི་བྱུང་ཚུལ་བཤད་པ་གཉིས།
དང་པོ། ཚན་རིག་པས་ཚོད་དཔག་གིས་བཤད་སྟངས་ལ། སྲོག་ཆགས་འགྱུར་གཞི་རླན་གནས་རྦཀ་ཁྲཱ་རིའི་ཡཱ་སྐྱ
ཎཏྲྤྟཔྱདྲཎཟེར་བ་འདི་ནས་ཡར་འདེད་ལོ་དུང་ཕྱུར་བཞི་ཡས་མས་ཙམ་ནས་ཡོད་པར་ཤེས་ཤིང༌། དེའི་རྐྱེན་གྱིས་
སྲོག་ཆགས་རིམ་བཞིན་འགྱུར་བར་བསམ་ཡོད། ལོ་ས་ཡ་ ༡༨༠ ཡི་སྔོན་ནས་སེམས་ཅན་སྨིན་དྲུག་ཟེར་བ་དེ་བྱུང་
ཚུལ་བཤད་ལ། དེ་རྗེས་མི་རྒོད་དང༌། སྤྲེའུ་སོགས་སེམས་ཅན་མི་འདྲ་བ་སྣ་ཚོགས་ཤིག་བྱུང་ཟེར། འགྲོ་བ་མིའི་
རིགས་ནི་སྤྲེའུ་ལྟ་བུ་ཞིག་ལས་གྱུར་འདུག་ཚུལ་བཤད་པ་དེ་གྲགས་ཆེ་ཤོས་བྱུང་མོད། དེང་སང་ཚན་རིག་པ་
འགའ་ཤས་ཀྱིས་དེ་ལ་དགག་པ་སླེབས་ཡོད་པའི་རྣ་ཐོས་བྱུང་བས་བདེན་སྙམ། ཚན་རིག་པས་འགྲོ་བ་མིའི་རིགས་
ནི་ལོ་ས་ཡ་གཉིས་ཀྱི་སྔོན་ནས་བྱུང་སྟེ་འཕེལ་རིམ་གྱི་གནས་ལུགས་བཤད་ཡོད།
གཉིས་པ། མ་ཎི་བཀའ་འབུམ་སོགས་ལས་བོད་མི་ཕ་སྤྲེའུ་རྒན་བྱང་ཆུབ་སེམས་དཔའ་དང༌། མ་བྲག་སྲིན་མོ་གཉིས་
ལས་བྱུང་ཞེས་ཚན་རིག་པས་བཤད་སྟངས་དང་ཕྱོགས་མཐུན་ཞིང༌། བྱུང་དུས་ལའང་འཛམ་གླིང་སྤྱིའི་མི་དང་
གཅིག་མཚུངས་ལས་དུས་སྔ་ཕྱི་སོགས་དབྱེ་བ་བཤད་དཀའ། མེས་པོ་དེ་གཉིས་ལ་བུ་ཕྲུག་བྱུང་བས་བསེ་རྨུ་གདོང་
སྟོང་གི་རྩ་བའི་རུས་ཆེན་བཞི་དང༌། རིགས་ཚན་འཐབ་པས་རུས་ཕྲན་དབྲ་འབྲུ་གཉིས་ཏེ་མིའུ་གདོང་དྲུག་བྱུང་
བའི་བརྒྱུད་རིམ་ནས་ད་བར་བོད་མི་འཕེལ་རིམ་སྣ་ཚོགས་བྱུང༌། མིའི་བྱུང་ཁུངས་སྤྲེའུའི་རིགས་ལྟ་བུ་ཞིག་ལས་
གྱུར་བར་འདོད་ན། བོད་མི་ཡང་ལོ་གྲངས་ས་ཡ་རིམ་པའི་གོང་ནས་འཛམ་གླིང་གི་མི་གཞན་དང་གཅིག་
མཚུངས་སུ་བྱུང་བ་ལས་ལོ་སྟོང་ཕྲག་ཁ་ཤས་ཙམ་ནས་སྤྲེའུའི་རིགས་ལས་གྱུར་ཚུལ་བསམ་ཞིང་བཤད་ན་བཞད་
གད་སློང་གཞི་བྱིས་པའི་ངག་ལྟ་བུ་ལས་ཅི་ཞིག་འགྱུར།
མཚོ་སྔོན་དང༌། ཆབ་མདོ་མཁར་རོ། གཉའ་ནང་རྫོང་གི་གཡའ་ལི། སྤུ་ཧྲེང༌།དིང་རི་སོགས་བོད་གང་ས་ནས་གནའ་
ཤུལ་རྙེད་པའི་ཁང་རྩིག་དང༌། རྫ་ཆས། མི་རུས། རྡོ་ཆས་སོགས་གནའ་རྫས་བགྲང་བྱའི་ཡུལ་ལས་འདས་པ་ཞིག་
གསར་རྙེད་བྱུང་བས། བོད་ནི་ལོ་ཁྲི་ཕྲག་གསུམ་གྱི་གོང་རོལ་ཏུ་བྱུང་བའི་གནའ་བོའི་མི་རིགས་ཤིག་ཡིན་པར་ཁ་
ཚོན་བཅད་ཡོད་ཅེས་མཁས་དབང་ནམ་མཁའི་ནོར་བུས་གསུངས་ཤིང༌། ཚན་རིག་པས་གནའ་ཤུལ་དེ་དག་
བརྟགས་རྗེས་ལོ་ཁྲི་ཕྲག་མང་པོའི་སྔོན་ནས་བོད་ཡུལ་དུ་བོད་མི་བྱུང་ནས་གནས་ཡོད་པ་ལས། ཡུལ་ཕྱོགས་གང་
ཞིག་ནས་གསར་དུ་སྤོས་འོངས་ཏེ་དེའི་རྒྱུད་པ་ལས་བོད་མི་བྱུང་བ་ནི་རྩ་བ་ནས་མ་ཡིན་ནོ་ཞེས་ཆབ་སྤེལ་སོགས་
ཀྱིས་ཀྱང་དེ་བཞིན་གསུངས་པས། བོད་རྒྱ་དཀར་ནག་སོགས་གཞི་མེད་ཕྱོགས་ཞེན་གྱི་བྱུང་ཁུངས་འདོད་པ་དེ་དག་
རང་བཞིན་གྱིས་འཇིག་ལ། གནའ་ཤུལ་དེ་དག་གིས་བར་སྐབས་བོད་ཀྱི་གནས་ལུགས་གསལ་བཤད་ཙམ་ལས། བོད་མི་ཐོག་མའི་འབྱུང་ཁུངས་ཀྱི་རྒྱུ་མཚན་ལ་འགྲོ་ཐུབ་པ་མིན། ད་ལྟའི་ཆོལ་ཁ་གསུམ་ཟེར་བ་ཙམ་མ་ཡིན་པར།
དེང་སྐབས་ཆབ་སྲིད་ཀྱིས་རྒྱལ་ཁོངས་གཞན་དུ་ཡོད་པའི་ལ་དྭགས་དང༌། ག་ཤ། སྤིས་ཏི། ལྷོ་འབྲུག འབྲས་ལྗོངས།
གློ་པ། སྙེ་ཤང༌། ཤར་པ། རྟ་མང༌། མོན། ཁུ་ནུ་སོཊ་ཀྱི་མི་རིགས་དང༌། ཆོས་རྒྱལ་སྐུ་དུས་ནས་རིག་གཞུང་གཅིག་གྱུར་
མ་བྱུང་བའི་རྒྱལ་ཐང་ཕྱོགས་ཀྱི་ཉ་དཀར་ནག འབར་མ་སྟོད་མ་སོགས་ས་ཆའི་གནས་བབ་དང༌། གནམ་གཤིས།
ཡུལ་གྱི་ཐོན་ཁུངས་མི་འདྲ་བ་སོགས་ཀྱིས་བོད་གང་སའི་གོམས་གཤིས་བྱ་སྤྱོད་ཅུང་ཟད་མི་འདྲ་བ་ཡོད་པ་ཙམ་
ལས་རྩ་བའི་གོང་བརྗོད་ཚང་མ་ཕ་སྤྲེའུ་རྒན་བྱང་ཆུབ་སེམས་དཔའ་དང༌། མ་བྲག་སྲིན་མོ་གཉིས་ནས་རྒྱུད་པའི་
ཤ་རུས་གདོང་རྒྱུད་གཅིག་པའི་བོད་རིགས་སྤུན་ཟླ་ཞེ་གཅིག་ཡིན། ད་ཆའི་ཆོལ་ཁ་གསུམ་ཟེར་བ་རྒྱལ་ཁབ་ཅིག་
ཆབ་སྲིད་སྐྱོང་བདེ་བའི་ཕྱིར་དུ་ས་ཆའི་གནས་བབས་དང་བསྟུན་ནས་སྡེ་ཚན་གསུམ་དུ་ཕྱེས་པ་ཙམ་ལས། རིགས་
རུས་གོང་བརྗོད་ལྟར་གཅིག་པ་ཡིན་ཞིང༌། ལྷག་པར་ཆོས་རྒྱལ་སྐུ་དུས་ནས་ད་བར་བོད་མདོ་དབུས་ཁམས་གསུམ་
གྱི་མི་ཕན་ཚུན་ཡར་འགྲོ་མར་འོང་གིས་འདྲེས་ཡོད་པ་ལོ་རྒྱུས་ལ་གསལ་ཡོད། ཁྲི་སྲོང་གིས་རྒྱ་ནག་ལ་དམག་
འབུམ་ཕྲག་བཞི་ཙམ་དྲངས་ཚུལ་སོགས་ཀྱིས་སྔོན་བོད་ཀྱི་མི་འབོར་ཆེན་པོ་ཡོད་པར་དཔག་ཅིང༌། ད་ལྟ་ང་ཚོའི་
མཆུ་རྩེ་ན་བོད་མི་ས་ཡ་དྲུག་ཅེས་འབྱར་སྡོད་པ་འདི་ནི་སིལ་བུའི་སྐབས་སུ་འབྲོམ་གྱིས་བོད་ཀྱི་མི་འབོར་འབུམ་
ཕྲག་དྲུག་ཅུ་ཟེར་བ་དེ་ཡིན་ལ། ༡༩༢༠ ལོར་དབུས་གཙང་ཁམས་གསུམ་བོད་མི་འབུམ་ཕྲག་བཞི་བཅུའི་ནང་ཡོད་
པ་དང༌། ཨ་མདོ་བསྣན་ན་མི་གྲངས་འབུམ་དྲུག་ཅུ་ཟེར་བ་ཚད་མ་ལྟ་བུར་མངོན་ཞེས་དང༌། བར་ལམ་རྒྱ་ཡིས་
བརྩིས་པའི་གསར་ཤོག་ཅིག་ནང༌། བོད་རང་སྐྱོང་ལྗོངས་ཟེར་བར་བོད་མི་ཁྲི་༢༥༠ ཡོད་ཚུལ་དང༌། འབྲི་ཆུ་ཕན་
དང༌། ཨ་མདོ་བསྣན་ན་དམའ་མཐར་འབུམ་ཕྲག་དྲུག་ཅུ་ལྷག་ཡོད་ཅེས་བརྗོད་ཐུབ་བམ་སྙམ་ཞེས་འཁོད།
ས་རཱ་མཐོ་སློབ། ངག་དབང་བྱམས་པས།
———
Back