གར་སོང་ཆ་མེད།

11/04/2012 11:16

 

བོད་མི་རླངས་འཁོར་ཁ་ལོ་བ་ཞིག་གར་སོང་ཆ་མེད།

ཟླ་འདིའི་ཚེས་ ༡༡ གྱི་ཞོགས་པར་བོད་ནས་འབྱོར་བའི་ཁུངས་ལྡན་གནས་ཚུལ་ལྟར་ན། བོད་ཁམས་རྟའུ་རྫོང་ས་བར་གྲོང་ནས་ཡིན་པའི་རང་ལོ་ ༢༩ ཡས་མས་ཅན་གྱི་བོད་མི་དབང་ཕྱུག་ཟེར་བའི་རླངས་འཁོར་ཁ་ལོ་བ་ཞིག་རྒྱ་ནག་སྤྱི་བདེ་མི་སྣ་དང་འཁྲུག་འཛིང་ཤོར་རྗེས་གར་སོང་ཆ་མེད་དུ་གྱུར་ཡོད་འདུག

 

 

དེ་ཡང་གནས་ཚུལ་མཁོ་སྤྲོད་པས་བརྗོད་དོན་ལྟར་ན། ཟླ་འདིའི་ཚེས་ ༤ ཉིན་ རྒྱ་ནག་སི་ཁྲོན་ཞིང་ཆེན་གྱི་ཁོངས་རྟོགས་གཡག་རྔ་ནས་དར་མདོར་ཡོངས་སའི་ལམ་བར་ནས། སྤྱི་བདེ་མི་སྣས་དབང་ཕྱུག་གི་རླངས་འཁོར་ཡིག་ཆ་སོགས་ལ་ཞིབ་བཤེར་སྐབས་བོད་མི་ལ་མཐོང་ཆུང་བྱེད་པའི་རྣམ་འགྱུར་བསྟན་ཡོད་པར་བརྟེན། དབང་ཕྱུག་དང་སྤྱི་བདེ་མི་སྣའི་བར་ཁ་རྩོད་ཤོར་བ་དང་། ལམ་སང་སྤྱི་བདེ་མི་སྣ་ཞིག་གིས་བོད་མི་ཁྱི་རྒན་འདི་ཚོ་རྡུང་དགོས་རེད་ཅེས་བརྗོད་དེ་རུབ་རྡུང་གཏོང་སྐབས། དབང་ཕྱུག་གིས་ཀྱང་རྒོལ་ལན་སྤྲད་ནས་སྤྱི་བདེ་མི་སྣ་ཞིག་གི་ལག་པ་བཅག་ཡོད་འདུག དེ་ལྟར་ས་ཚུགས་སུ་ཟང་ཟིང་དུ་གྱུར་སྐབས་དབང་ཕྱུག་འབྲོ་ཐབས་བྱས་ཡོད་པ་དང་། སྤྱི་བདེ་མི་སྣ་ཚོས་རྗེས་འདེད་བཏང་བ་དང་། ད་ལྟ་གར་སོང་ཆ་མེད་དུ་གྱུར་ཏེ། དབང་ཕྱུག་དང་འབྲེལ་ཡོད་མི་སྣ་ཚོས་སྤྱི་བདེ་མི་སྣས་འཛིན་བཟུང་གིས་ཉེས་རྡུང་བཏང་ནས་བསད་ཟིན་པའི་དོགས་པ་བྱེད་ཀྱི་ཡོད་འདུག

སྤྱིར་བཏང་རླངས་འཁོར་ཞིབ་བཤེར་ས་ཚུགས་དེ་ནས་བོད་མི་ཚོར་རྒྱ་ནག་གཞུང་གི་ཉེན་རྟོག་པས་སྡང་སེམས་ཆེན་པོ་བྱེད་ཀྱི་ཡོད་པ་དང་། དེའི་སྔོན་ལ་ཡང་བོད་མི་ཁ་ཤས་ཤིག་ལ་དོན་དག་ཆུང་ཚགས་ལ་བརྟེན་ནས་དང་། དོན་མེད་སྙད་བསྐོ་བ་བཅས་བྱས་ནས་འཛིན་བཟུང་བྱེད་པ་དང་གཅར་རྡུང་བཏང་བ་དང་། བསད་ནས་རོ་ནང་མིར་སྤྲད་པ་སོགས་ཀྱི་གནས་ཚུལ་ཡང་ཁ་ཤས་བྱུང་ཡོད་འདུག་པ་དང་། དབང་ཕྱུག་དང་ནང་མི་གཅིག་པ་ཡིན་པའི་དོན་ཡོད་གྲུབ་པ་ཟེར་བ་ཡང་འདི་ལོར་བྲག་མགོའི་གྱེན་ལངས་མི་མང་ལ་རྒྱབ་སྐྱོར་བྱེད་དུ་ཕྱིན་པའི་རྟའུ་མི་མང་ཁྲོད་ཡོད་པར་བརྟེན། རྒྱ་ནག་ཉེན་རྟོག་པས་བཟུང་ནས་ཉེས་རྡུང་ཤུགས་ཆེན་བཏང་ཡོད་པ་རེད་འདུག

དེ་མིན་དེང་སྐབས་བོད་དང་རྒྱ་ནག་བར་ཚོང་ཟོག་སྐྱེལ་འདྲེན་པ་བོད་རིགས་རླངས་འཁོར་ཁ་ལོ་བ་ཚོར་ས་ཚུགས་ཁག་ནས་མི་རིགས་དབྱེ་འབྱེད་ཀྱི་དཀའ་ངལ་འཕྲད་བཞིན་ཡོད་པ་དང་། མི་ཉག་ཕྱོགས་ཀྱི་འདི་ལོར་རྡོར་གདན་དུས་འཁོར་དབང་ཆེན་དུ་བཅར་མཁན་ཆོས་ཞུ་བ་ཚོར་ད་དུང་ཡང་ཞིབ་བཤེར་བྱེད་བཞིན་ཡོད་པའི་གནས་ཚུལ་འདུག

མེ་སོར་གསར་འགོད་པས།

Back

Search site

© 2012 All rights reserved. No information or images from this website can be copied or used for any purpose without permission from "KonchoK..com

དཀོན་མཆོག་བོད་རང་བཙན་དྲ་ཚིགས།