ཁྲིམས་ཞིབ་ཁང་གི་བཅད་ཁྲར་ངོས་འཛིན།

27/01/2012 22:36

 

ཁྲིམས་ཞིབ་ཁང་གི་བཅད་ཁྲར་ངོས་འཛིན།

བོད་ཀྱི་བང་ཆེན།

གནས་ཚུལ་ཤེས་རྟོགས་བྱུང་བ་ལྟར་ན། ཉེ་བའི་ཆར་བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་རྣམ་པ་དང་། སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ། བཀའ་བློན་ཁྲི་པ་བཅས་ལྷན་འཛོམས་ཤིག་གནང་ཡོད་པ་དང་།

སྐབས་དེར་རྒྱ་གར་ས་གནས་ཁྲིམས་ཁང་ནས་སྤྱི་འཐུས་ཟླ་བ་ཚེ་རིང་དང་པ་སངས་ཚེ་དབང་གཉིས་ཀྱི་ཁ་མཆུར་བཅད་ཁྲ་བཏང་བའི་ནང་། ཆེས་མཐོའི་ཁྲིམས་ཞིབ་ཁང་གི་བཅད་ཁྲར་ངོས་འཛིན་གནང་འདུག་པར་དེའི་མཇུག་གནོན་བྱེད་ཕྱོགས་སྐོར་བཀའ་བསྡུར་གནང་ཡོད་ཚུལ་འདུག

དེ་ཡང་བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁ་མཆུ་དེབ་འགོད་ཨང་བརྒྱད་པའི་གྱོད་ཡ་ཞུ་སྦྱོར་བ་ཤོ་ཟུར་པ་སངས་ཚེ་དབང་གིས། སྐབས་དེའི་ཐད་བསྐོས་སྤྱི་འཐུས་ཟླ་བ་ཚེ་རིང་ལགས་སུ་ཡོངས་གླིང་སློབ་གྲྭ་དེ་ཉིད་སྤྱི་རྒྱུ་སྒེར་བདག་བྱས་ཚུལ་གྱིས་ཁྲིམས་གཏུག་བྱས་ཡོད་པ་དང་། ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་ལོ་མང་པོའི་རིང་ཞིབ་འཇུག་གནང་ནས་བཅད་ཁྲ་གཏོང་ཉེར་ཡོད་པའི་སྐབས། ཐད་བསྐོས་སྤྱི་འཐུས་ཟླ་བ་ཚེ་རིང་ལགས་ཀྱིས་པ་སངས་ཚེ་དབང་གིས་ཁོང་ལ་མིང་ཤས་བཟོས་སོང་ཞེས་ཧི་མ་ཅལ་མངའ་སྡེའི་སིམ་ལ་གྲོང་ཁྱེར་དུ་ཡོད་པའི་མཐོ་རིམ་ཁྲིམས་ཁང་དུ་ཁྲིམས་གཏུག་བྱས་ཡོད་པ་རེད། དེའི་རྗེས་སུ་བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་ཡོངས་གླིང་སློབ་གྲྭ་ཤེས་རིག་ལས་ཁུངས་སུ་རྩིས་སྤྲོད་དགོས་པ་དང་། ཟླ་བ་ཚེ་རིང་ལགས་སུ་ཧིན་སྒོར་འབུམ་བཅུ་སྤྲོད་དགོས་པའི་ཁྲིམས་ཐག་བཅད་ཡོད་ཀྱང་། ད་བར་རྩིས་སྤྲོད་ལེན་བྱས་པའི་གནས་ཚུལ་གང་ཡང་བྱུང་ཡོད་མི་འདུག

བར་ལམ་སིམ་ལ་མཐོ་རིམ་ཁྲིམས་ཁང་གི་ཁ་མཆུ་དེ་ཀང་ར་རྫོང་གི་ས་གནས་ཁྲིམས་ཁང་དུ་སྤོས་པ་དང་། ཕྱི་ལོ་༢༠༡༡ ལོའི་ཕྱི་ཟླ་༨ པའི་ནང་ཁྲིམས་ཐག་བཅད་ནས་བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་ཐག་གཅོད་གནང་བར་ངོས་འཛིན་གནང་ཡོད་ཚུལ་འདུག གནད་དོན་དེའི་སྐོར་ད་བར་ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་ཕྱིར་བསྒྲགས་གང་ཡང་གནང་མེད་པ་དང་། གནས་ཚུལ་དེ་འདི་ག་གསར་ཁང་ནས་ཤེས་རྟོགས་བྱུང་འཕྲལ་ཕྱི་ཟླ་དང་པོའི་ཚེས་༢༡ ཉིན་ཆེས་མཐོའི་ཁྲིམས་ཞིབ་ཁང་དུ་བཀའ་འདྲི་བར་བཅར་ཡང་དེའི་སྐོར་ལན་འདེབས་གསལ་བཤད་གང་ཡང་གནང་རྒྱུ་མིན་ཞེས་གསུངས་སོང་།།

Back

Search site

© 2012 All rights reserved. No information or images from this website can be copied or used for any purpose without permission from "KonchoK..com

དཀོན་མཆོག་བོད་རང་བཙན་དྲ་ཚིགས།