ཁྱེད་ཉིད་མེད་དུས།

04/08/2009 08:09

ཁྱེད་ཉིད་མེད་དུས།  སེམས་པ་འདི་བདེ་མ་མྱོང་།

ཟླ་འོད་མེད་པའི་མཚན་མོ་དེར། གྲང་ཤུར་ཤུར་གྱི་ང་་་་

དྲན་གདུང་གི་ཚོར་སྣང་སྐྱུར་མོ་ཞིག་གིས་སྣེ་དྲངས་ནས།

སེམས་པ་འདི།  སླར་ཡང་ཁེར་རྐྱང་གིས་བཟི་ཞིང་་

སེམས་ངལ་དང་སྟོང་འདང་གིས་བཞེངས་པའི་བློས་བསླང་ཁྲོད།

ངས་མཛུབ་རྩེ་ནས་སྨྱུ་གུ་ཞིག་ལྷོད་ཀྱིས་བཙུར་ཞིང་།

བརྩེ་བ་དྲོན་མོ་ཞིག་ལ་འགྲམ་པ་གླན་ནས།

༼ང་ཁྱོད་ལ་དུངས་༽ཞེས་པའི་ཚིག་འབྲུ་འདི་ཤར་མར་བྲིས་བ་ན།

ཁུར་པོ་ཞིག་ཕོག་པ་བཞིན་ལུས་སེམས་གཉིས་བདེ་ཤིགས་ཤིགས།

བདེ་ཤིོགས་ཤིགས་ཀྱི་ཚོར་ངོགས་ནས། སེམས་པ་འདི་སླར་ཡང་ཁྱོད་ཕྱོགས་སུ་བཞུད།

སྐབས་དེ་དང་དུས་དེ་ལ།  ངའི་དྲན་པའི་སེམས་ངོགས་ན་དམར་ལྷིང་ངེ་ཡོད་པ་ནི།

ཁུ་བྱུག་ལྟར་གྲགས་འོངས་པའི་ཁྱོད་ཉིད་ཀྱི་གསུང་སྐད་དྭངས་མ་་་་་་་་་

ངའི་དབྱར་དུས་ཀྱི་འཇིག་རྟེན་ཁོ་ནར་དབང་ན་འདོད།

སེམས་པ་འདི།  དེ་ལྟར་དྭངས་བའི་ང་་་་་་་་ཞེ་འདང་དེའི་ཆེད་དུ།

སྦྲང་རྩི་བཞིན་མངར་བའི་དགུ་ཚིག་གི་དབྱངས་རྟ།

ངའི་སྙིང་ཆུང་གི་ལྟེབ་ཁུག་ན་མར་ཁུ་བཞིན་འོད་འཁྱུག་འཁྱུག་གི་འཁྱིལ།

འོན་ཀྱང་།  ལྷ་སྲུང་སུ་ཞིག་གི་གཅེས་ཕྲུག་ཏུ་འཁོར་བའི་ཁྱོད་

སྡོང་ལོ་དང་དཔྱིད་རླུང་མེད་པའི་འཁོར་འདས་ན།

ཕྱི་མིག་འཁྲེང་བཞིན།   རྩེད་ར་ཞིག་ལ་བཞི་ཤད་བྲིས་ཟིན་པས།

ངས་་་་་་    ང་ཁོ་ནར་མི་དབང་བའི་ཞེ་མིག་གི་རི་ཆུ་སྔོན་མོ་

སྙིང་ཁུང་གི་རྩ་ལམ་ནས་བསུས་ཏེ།  

ཁྱོད་ཀྱི་དཔྲལ་ཐོད་ལ་དབུ་ཁྱུད་བྲིས་བས་ཅི་ཕན།

མ་གཞིར་་་་སེམས་པ་འདི་ནང་ལ་གཅུ་བྱེད་ཀྱི་ལྷུ་ལག་ཁོལ་མ་ཞིག་མེད་མོད་

བབ་ཆགས་པའི་ཁྱེད་ཉིད་ཀྱི་གྲིབ་གཟུགས་མཇལ་ཐེངས་རེར

ཁྱོད་ལ་གླན་འདོད་པའི་སེམས་པ་

འདྲེ་རྒོད་སུས་བཙོན་དུ་བཀྱིགས་པ་བཞིན་  བལྟས་བལྟས་ལ་རྒས

འདི་ལྟར་ཉི་ནུབ་གྱི་འཕེབ་རིམ་ན་འདྲེགས་པའི་ང་་་་་་

ལས་འབྲས་འདྲ་བའི་དགུན་གཞུང་གི་དུས་ཚིགས་ཅན།

ངའི་མིག་ཟུང་གི་ཟུར་ག་ན།

ཁྱེད་ཉིད་མེད་དུས།       སེམས་པ་འདི་བདེ་མ་མྱོང་།།

དཀོན་མཆོག་ནས་སྤྱི་༢༠༠༩ སྤྱི་ཟླ་༨ ཚེས་༤ ཉིན་ལ།།

Back

Search site

© 2012 All rights reserved. No information or images from this website can be copied or used for any purpose without permission from "KonchoK..com

དཀོན་མཆོག་བོད་རང་བཙན་དྲ་ཚིགས།