བོན་ཆོས།
06/11/2009 12:50
བོན་ཆོས།
བོན་ཆོས་ནི་བོད་དུ་ནང་པ་སངས་རྒྱས་ཀྱིས་བསྟན་པ་མ་དར་གོང་ནས་ཡོད་པའི་གནའ་བོའི་ཆོས་ལུགས་ཤིག་
རེད། དེ་ལའང་ལོ་རྒྱུས་ཐོག་བརྡོལ་བོན་དང་། འཁྱར་བོན། བསྒྱུར་བོན་ཞེས་པ་ལ་སོགས་པའི་གྲུབ་
མཐའ་དུ་མ་ཡོད་པར་གྲགས། དེ་ནས་སྟོན་པ་གཤེན་རབ་ཀྱིས་གཡུང་དྲུང་བོན་གྱི་བསྟན་པ་དར། སྔ་དུས་སུ་
ཆོས་སྤྱོད་གཙོ་བོ་ལྷ་འདྲེ་ལ་གསོལ་མཆོད་དང་། གདོན་སྲི་གནོན་པ་སོགས་ཀྱི་ཐབས་ལ་བརྟེན་ནས་ཤི་གསོན་
རྣམས་ཀྱི་རྐྱེན་སེལ་སྒྲུབ་པས་མ་ཚད། དེའི་བླ་མ་རྣམས་ནི་བོད་རྒྱལ་གཉལ་ཁྲི་དང་མུ་ཁྲིའི་སྐབས་ནས་བཟུང་
རྒྱལ་སྲིད་གྱི་མདུན་མའི་གྲོས་ཁོངས་ལ་དངོས་སུ་ཚུད་ནས་རྒྱལ་སྲིད་སྐྱོང་མི་ཆགས་ཡོད། དེ་རྗེས་བོད་ཀྱི་
བཙན་པོས་སངས་རྒྱས་ཀྱི་ཆོས་ལུགས་ལ་དད་པ་བྱས་པར་བརྟེན་ཆོས་བོན་གཉིས་ཀྱི་དབར་འཁོན་འཐབ་དྲག་
པོ་བྱུང་བ། དཔེར་ན། ཁྲི་རལ་གྱིས་ཆོས་ལ་བཀུར་བསྟི་དང་། བོན་ལ་གནོན་ཐབས་ཆེན་པོ་བྱས་པས་བོན་བློན་
གྱིས་ཁྲི་རལ་པ་བསད་པ་དང་། གླང་དར་མས་བོན་བློན་གྱི་འདོད་པ་ལྟར་ཆོས་སྣུབ་ཐབས་བྱས་པས། ནང་པའི་
དགེ་སློབ་གིས་དར་མ་བསད་པ་སོགས་བོད་ཀྱི་རྒྱལ་རྒྱུད་སིལ་བུར་ཐོར་བའི་རྐྱེན་ཡང་དེ་ལས་བྱུང་ཡོད། ཕྱིས་
སུ་བོན་དེར་ལྟ་སྤྱོད་སྒོམ གསུམ་སངས་རྒྱས་ཀྱི་ཆོས་ལུགས་དང་འདྲ་བའི་རིག་གཞུང་མང་པོ་ཐོན། 《དེབ་
ཐེར་དམར་པོ》ལས། བོན་ལ་ཐེག་པ་རིམ་པ་དགུ་ཡོད་པ་སྟེ། ཕྱཱ་གཤེན་དང་། སྣང་གཤེན། འཕྲུལ་གཤེན།
སྲིད་གཤེན་ཏེ་རྒྱུའི་ཐེག་པ་བཞི་དང་། དགེ་བསྙེན་དང་། དྲང་སོང་། ཨ་དཀར། མེ་གཤེན་སྟེ་འབྲས་བུའི་
ཐེག་པ་བཞི། ཁྱད་པར་ཆེན་པོའི་ཐེག་པ་གཅིག་སྟེ་དགུའོ། གྲི་གུམ་བཙན་པོའི་དུས་སུ་བོན་དར་ཁྱབ་ཆེན་པོ་
བྱུང་ནས་རང་གི་གྲུབ་མཐའ་ཡོངས་སུ་གཞི་ཚུགས་ཤིང་། རིགས་པའི་གཞུང་ལུགས་དང་ཆོས་ལུགས་ཀྱི་བྱེད་
སྒོ་སྤེལ་སྟངས་ཀྱང་ཆ་ཚང་བ་ཞིག་བྱུང་ཡོད་ཅེས་བསྟན་ཡོད། དེ་སྔ་རང་ལྗོངས་སུ་རྣམ་གླིང་དང་། ཧོར་
ཚོ་པ་དགུའི་ས་ཁོངས། འཇོ་མདའ། གོ་འཇོ། རྨར་ཁམས། ཀོང་པོ་རྒྱ་མདའ་སོགས་ས་ཁུལ་དུ་བོན་ལ་དད་པ་
བྱེད་མི་མང་པོ་ཡོད། གྲུབ་མཐའ་དེའི་གཞུང་དཔེ་གཙོ་བོ་ནི་《རྫོགས་པ་རིན་ཆེན་གསེར་གྱི་ཕྲེང་བ》
དང་། སྐྱབས་སུ་བཅོལ་ཡུལ་གཙོ་བོ་ནི་སྟོན་པ་གཤེན་རབ་མི་བོ་ཆེ་ཡིན་པར་གྲགས་སོ།། །།
———
Back