ཚེ་སྲོག་གི་འབོད་པ།

06/06/2012 10:47

 

ཚེ་སྲོག་གི་འབོད་པ།
 
ང་ཚོ་གདོད་མ་ནས
གནམ་སའི་བཅད་པའི་རང་བྱུང་གི་འཇིག་རྟེན་འདི་ནས།
ལང་ཚོ་དང་ཚེ་སྲོག་འབྱུང་བཞི་ལ་བསྟིམས་པའི་སྙིང་སྟོབས་དང་།
དཀའ་ཁག་དང་ངལ་དུབ་ཀྱིས་བརྒྱུད་པའི་ལམ་བུ་རེ་རེའི་ཁུག་སོ་ནས།
ང་ཚོ་ཐུན་མོང་གི་བསྒོ་སྐལ་ཏུ་སྨིན་པའི་རང་བྱུང་གི་སྣོད་བཅུད་ལ།
ཉི་འོད་དང་འཇའ་ཚོན་གྱིས་སྦྲས་པའི་མཛེས་སྡུག་གིས་བརྒྱན་ན་འདོད།
 

བསྐལ་བའི་ཆག་འཇིག་ལས་བྱུང་བའི་དུས་ཀྱི་གོད་ཆག་ནག་པོས།
སྒེག་མའི་བཞིན་མདངས་ལས་སྨིན་པའི་ས་ཆེན་གྱི་མཛེས་རིས་བཅོམ་ཞིང།
མེ་ཏོག་གི་འདབ་བརྒྱ་གྲོལ་བའི་དབྱར་གཞུང་གི་ཉི་འོད་སེར་བོ།
སྤྲིན་ནག་གི་ལྐོག་གཡོའི་ཁྲོད་དུ་ཕ་མཐར་བསྐྲད།
ཟུངས་ཁྲག་གི་རྒྱུ་བ་འགག་པའི་ས་སྲོད་དེའི་རྗེས་སུ།
ང་ཚོ་དང་ཉེ་བར་ལྷག་པ་ནི་གོད་ཆག་དང་ཕམ་ཁ་ཡིན་ན།
ང་ཚོ་ལ་   ཅིས་ཀྱང་རྣོ་ལྕག་ལས་སྲ་བའི་ཁུ་ཚུར་དང་།
བྲག་རི་ལས་བརྟན་པའི་སྙིང་སྟོབས་ཞིག་རང་ཅག་སུ་ལའང་མཁོ།
   
ཆར་བ་འབབ་ངེས་པའི་དབྱར་གཞུང་ཞིག་དང་དེའི་རྗེས་ཀྱི་མཛེས་སྡུག་ཡོད་ཚད།
ང་ཚོ་སུས་ཀྱང་བཅོས་བསྒྱུར་མི་བྱེད་རོགས   མེ་ཏོག་གི་འཇིག་རྟེན།
ང་ཚོ་སུ་ལའང་དབང་བའི་རྨི་ལམ་གྱི་ཞིང་ཁམས་ཡིན་ན།
མེས་པོས་ཐུགས་འདུན་ལས་འཕྲོས་བའི་ལྷག་བསམ་གྱི་ཁ་བ་དཀར་བོས།
སྦག་བཙོག་ཐེབས་པའི་ང་ཚོའི་ནང་སེམས་ལ་གཙང་དག་བྱས་ཆོག
གོ་ལ་འདིའི་སྒལ་སྟིང་དུ་ང་ཚོས་གོམ་ཁ་བགྲོད་དུས།
སྒམ་དཀྱིལ་གྱི་བློ་ཁོག་ཡངས་པོ་ཞིག་རང་ཅག་སུའང་མཁོ།
ཕམ་ཁ་ཡི་ཁ་གཏད་དུ་སུའང་ཕྱི་ནུར་རྒྱག་མི་འོས་ལ།
རྒྱལ་ཁ་ཡི་ཕ་རོལ་ཏུ་སུས་ཀྱང་དཔའ་གླུ་ལེན་མི་སྲིད་པས།
ང་ཚོའི་ལ་རྒྱ་དང་ཕུགས་བསམ་ནམ་ཡང་འོན་སྣང་གིས་བརྒྱན་ནས།
ངའི་རྨི་ལམ་གྱི་སྟོན་ལྗོངས་ནམ་ཡང་གསེར་མདོག་གིས་སྨིན་པར་ཤོག
 
བསྐལ་བའི་ཆག་འཇིག་འདིའི་ཆེད་དུ།
ཟིང་ཟིང་གི་འཇིག་རྟེན་འདིའི་ངོ་བོ་ཇི་ལྟར་འགྱུར་ཡང་རུང་།
རྨིས་ཟིན་པའི་རྨི་ལམ་ལས་ང་རང་སད་ཀྱང་རུང་།
ཚེ་སྲོག་དང་ལང་ཚོ    ད་དུང་འབྱུང་འགྱུར་གྱི་ངོ་གདོང་འདིའི་ཆེད་དུ།
རྡུལ་འཚུབ་དང་སྨུག་ལོང་ཡོད་ཚད་ང་དང་རིང་དུ་གྱེས་ནས།
ངའི་རེ་སྒུག་གི་འཇིག་རྟེན་ནམ་ཡང་འོད་སྣང་གིས་བརྒྱན་པར་སྨོན་།
 
Back

Search site

© 2012 All rights reserved. No information or images from this website can be copied or used for any purpose without permission from "KonchoK..com

དཀོན་མཆོག་བོད་རང་བཙན་དྲ་ཚིགས།