རྒྱ་གར་གྱི་སྲིད་བློན་མཆོག་ལ་ཞུ་གཏུག་བྱེད་པར་ཕྱིན།

15/09/2012 19:15

 

ཆར་ཞོད་དཀྱིལ་ནས་རྒྱ་གར་གྱི་སྲིད་བློན་མཆོག་ལ་ཞུ་གཏུག་བྱེད་པར་ཕྱིན།

 
 

15 september 2012 001རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན།

ཕྱི་ལོ་༢༠༡༢ཟླ་༩ཚེས་༡༥ཉིན། ཟླ་འདིའི་ཕྱི་ཚེས་༡༤དང་དབུས་རྒྱུན་གསུམ་གྱིས་ཟས་བཅད་ངོ་རྒོལ་གནང་ནས་ཁྱོན་ཉིན་གྲངས་༡༢ ཕྱིན་པའི་མཚམས་དེར། དབུས་བོད་ཀྱི་གཞོན་ནུའི་ལྷན་ཚོགས་ཀྱི་ཟུང་དྲུང་བསྟན་འཛིན་ནོར་བཟང་ལགས་དང༌། ལྡི་ལི་བསམ་ཡས་གླིང་ས་གནས་བོད་ཀྱི་གཞོན་ནུའི་ཚོགས་གཙོ་བསྟན་འཛིན་དབང་ཕྱུག་རྣམ་གཉིས། རྒྱ་གར་གྱི་སྲིད་བློན་ Mr. Manmohan Singh སྐུ་ཞབས་མན་མོ་ཧན་སིན་མཆོག་ལ་བོད་དོན་ཞུ་གཏུག་བྱེད་པར་བཅར་ཡོད་འདུག

གཞོན་ནུའི་སྐུ་ཚབ་རྣམ་གཉིས་གོང་ཚེས་ཉིན་གྱི་ཞོགས་པར་སྲིད་བློན་མན་མོ་ཧན་སིན་མཆོག་གི་བཞུགས་གནས། Rashtrapati Bhavan རཱ་ཤི་ཏ་ར་པཱ་ཊི་བྷ་ཝན་སུ་བསྐྱོད་ནས། ལྡི་ལི་ཉེན་རྟོག་པས་སྲུང་བྱ་འོག་སྲིད་བློན་མན་མོ་ཧན་སི་མཆོག་དང་ཐུག་འཕྲད་ཀྱིས། བོད་ནང་ཡོད་པའི་བོད་མི་རྣམས་ཀྱི་གནས་སྟངས་ཇེ་སྡུག་ཏུ་ཕྱིན་བཞིན་པའི་གནས་ཚུལ་མདོར་བསྡུས་འགྲེལ་བརྗོད་ཞུས་པས་མ་ཚད། ཁོང་ལ་ཞུ་སྙན་ཡིག་ཆ་འབུལ་ལམ་ཞུས་ནས་རྒྱ་གར་གཞུང་གིས་བོད་དོན་ཐོག་དོན་སྙིང་ལྡན་པའི་རྒྱབ་སྐྱོར་དང༌། གཞོན་ནུའི་ཟས་བཅད་ངོ་རྒོལ་གནང་མཁན་རྣམས་ཀྱི་དགོས་འདུན་སྐོང་རོགས་ཞེས་རེ་སྐུལ་ཞུས་ཡོད་འདུག

གཞན་ཡང་དེ་རིང་ཟས་བཅད་ངོ་རྒོལ་གནང་ཡུལ་དུ་རྒྱ་གར་རྒྱལ་ཡོངས་དབུས་བོད་དོན་རྒྱབ་སྐྱོར་ཚོགས་པའི་འབྲེལ་མཐུད་པ་སྐུ་ཞབས་ Dr. N.K. Trikha མཁས་དབང་ཨན་ཁེ་ཊི་ཁཱ་མཆོག་ཆེད་ཕེབས་གནང་ནས་ཁོང་གིས་བོད་ཀྱི་རྩ་དོན་ནི་རྒྱ་གར་གྱི་རྩ་དོན་ཡིན་ཞིང༌། ཁོང་ཉིད་ཀྱི་སྐུ་ཚེ་མ་རྫོགས་བར་བོད་པའི་འཐབ་རྩོད་ལ་རྒྱབ་སྐྱོར་བྱ་རྒྱུ་ཡིན་ལུགས་གསུངས་ཡོད་འདུག་ལ། ཁོང་ནི་རྒྱུན་དུ་བོད་དོན་ཐོག་ཁ་ཞེས་གཉིས་མེད་ཀྱིས་རྒྱབ་སྐྱོར་གནང་མཁན་ཞིག་ཡིན་འདུག

གཞོན་ནུའི་དབུས་རྒྱུན་གསུམ་དང་ལྷན་དུ་གདུང་སེམས་མཉམ་སྐྱེད་ཀྱི་ཟས་བཅད་ངོ་རྒོལ་གནང་མཁན་མང་པོ་ཞིག་ཡོད་པའི་ནང༌། ཉིན་དེར་དབུས་གཞོན་ནུའི་རྒྱུན་ལས་ཟུར་པ་དང༌། དེ་སྔོན་རྒྱ་ནག་གཞུང་ལ་ངོ་རྒོལ་གྱིས་རང་ལུས་མེ་སྲེག་གཏོང་མཁན་ལྷག་པ་ཚེ་རིང་ལགས་ཟས་བཅད་ངོ་རྒོལ་ནང་མཉམ་ཞུགས་གནང་ཡོད་འདུག

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་སངས་རྒྱས།

 

Back

Search site

© 2012 All rights reserved. No information or images from this website can be copied or used for any purpose without permission from "KonchoK..com

དཀོན་མཆོག་བོད་རང་བཙན་དྲ་ཚིགས།