བོད་མི་ཞིག་རྐྱེན་ལམ་དུ་བཏང་འདུག

16/08/2012 14:22

 

རྒྱ་གཞུང་གིས་བསྐྱར་དུ་བོད་མི་ཞིག་རྐྱེན་ལམ་དུ་བཏང་འདུག

ཆབ་མདོ་སྨར་ཁམས་རྫོང་མཆོད་རྟེན་ཤང་དུ་རྒྱ་མིའི་གཏེར་ཁ་སྔོག་འདོན་བྱེད་མཁན་ཚོ་ལ་ས་གནས་བོད་མིས་ངོ་རྒོལ་བྱས་ཡོད་པར་བརྟེན། རྒྱ་གཞུང་གི་གཏེར་ཁ་སྔོག་འདོན་པ་ཚོས་བོད་མི་ཞིག་ལ་མེ་མདའ་བརྒྱབ་ནས་བསད་ཡོད་འདུག

དེ་ཡང་ཟླ་འདིའི་ཕྱི་ཚེས་༡༥ ཉིན་ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་གིས་གནས་ཚུལ་སྤེལ་གསལ་ལ། བོད་ཆབ་མདོ་སྨར་ཁམས་རྫོང་མཆོད་རྟེན་ཤང་དུ་ཟླ་བ་ཁ་ཤས་ཀྱི་སྔོན་དུ་རྒྱ་མི་ཚོས་གཏེར་ཁ་སྔོག་འདོན་བྱས་ཡོད་པ་དང་། སྐབས་དེར་ས་གནས་མི་མང་གིས་གཏེར་ཁ་སྔོག་འདོན་པ་ཚོར་ངོ་རྒོལ་གྱིས་རེ་ཞིག་མཚམས་འཇོག་བྱས་ཡོད་ན་ཡང་། ཟླ་འདིའི་ཕྱི་ཚེས་༡༤ ཉིན་རྒྱ་མིའི་གཏེར་ཁ་སྔོག་འདོན་བྱེད་མཁན་ཚོ་བསྐྱར་དུ་ཡོང་ཡོད་པར་བརྟེན། ཕྱི་ཚེས་༡༥ ཉིན་ས་གནས་མི་མང་ཆིག་སྟོང་ལྷག་ཙམ་གྱིས་ངོ་རྒོལ་བྱས་སྐབས། རྒྱ་གཞུང་གི་ཉེན་རྟོག་དམག་གི་རླངས་འཁོར་ཁ་ཤས་ཤིག་ཡོང་ནས། མི་མང་ཁ་འཐོར་གཏོང་ཐབས་ཀྱིས་མེ་མདའ་བརྒྱབ་ནས་བོད་མི་ཞིག་རྐྱེན་ལམ་དུ་བཏང་ཡོད་པ་དང༌།

བོད་མི་བཞི་འཇུ་བཟུང་བྱས་ཡོད་འདུག་ལ། ད་ལྟའི་ཆར་ས་གནས་དེར་རྒྱ་གཞུང་གིས་ཉེན་རྟོག་པ་མང་པོ་འགྲེམ་འཇོག་གིས་དམ་དྲག་ཤུགས་ཆེན་བྱེད་ཀྱི་ཡོད་པས། ངོ་རྒོལ་བ་མང་ཆེ་བ་རང་ཁྱིམ་དུ་ཡོང་ས་མེད་པར་རི་མགོར་བུད་ནས་འདུག་དགོས་བྱུང་ཡོད་པ་མ་ཟད། ས་གནས་དེའི་དྲ་ལམ་ཚང་མ་བཀག་ཡོད་པས་འདས་པོ་ཁོང་གི་ཕུང་པོ་ཕྱིར་རྩིས་སྤྲོད་བྱས་ཡོད་མེད་ཀྱི་གནས་ཚུལ་གསལ་ཁ་ཤེས་ཐུབ་མེད་པ་རེད། གནས་ཆུལ་ངོ་སྤྲོད་པས་བརྗོད་པ་ལྟར་ན། རྒྱ་གཞུང་གི་ཉེན་རྟོག་པས་རྐྱེན་ལམ་དུ་བཏང་བའི་བོད་མི་དེའི་མིང་ལ་ཉི་མ་ཟེར་གྱི་ཡོད་པ་རེད་འདུག

ཆབ་མདོ་སྨར་ཁམས་རྫོང་མཆོད་རྟེན་ཤང་དུ་གསེར་དང་། དངུལ། ཟངས་སོགས་ཀྱི་རང་བྱུང་གི་གཏེར་ཁ་ཕུན་སུམ་ཚོགས་པ་ཡོད་པ་རེད་འདུག

English

 

Back

Search site

© 2012 All rights reserved. No information or images from this website can be copied or used for any purpose without permission from "KonchoK..com

དཀོན་མཆོག་བོད་རང་བཙན་དྲ་ཚིགས།