བོད་ཀྱི་བང་ཆེན་ཚང་ལ་བློ་ཕམ་ཡོད།

15/04/2012 20:41

 

བོད་ཀྱི་བང་ཆེན་ཚང་ལ་བློ་ཕམ་ཡོད།

 

བུད་མེད་ཚོགས་པའི་ཚོགས་གཙོ་སྒྲོལ་དཀར་ལྷ་མོས་ལྐོག་ཟ་རུལ་སོང་བྱས་པའི་དངོས་ཡོདཀྱི་བདེན་གཏམ་ལ་འགྲེལ་བཤད་རྫུན་མ་ཞིག་དང་འཁྱོགས་བཤད་ལྷག་པོ་ཞིག་རྒྱག་དགོས་དོན་མ་མཆིས་ལ།ཁྲེལ་མེད་ཀྱི་ལས་གཞི་འདིའི་རིགས་ཤི་གསང་རོ་གསང་བྱེད་པ་ནི་དེ་བས་ཀྱང་འོས་པོ་ཞིག་གཏན་ནས་མ་ཡིན་སྙམ།ཁྱད་པར་དུ་གཞུང་ཞིབ་ཀྱི་མི་སྣ་ཞིག་གིས་འདི་ལྟ་བུའི་བྱ་ངན་གྱི་ལས་གཞི་བརྩམས་པ་འདི་མཐོང་ཚེ།བོད་སྤྱི་བའི་བདེ་སྡུག་ལ་བསམ་བློ་ཅི་ཙམ་གཏོང་གི་ཡོད་མེད་ར་སྤྲོད་གསལ་བོ་བྱེད་འདུག་པ་མ་ཟད། དགྲ་དགའ་གཉེན་སྡུག་གི་བྱ་ངན་སྐྱུག་བྲོ་བ་ཞིག་གིས་བོད་སྤྱི་བའི་རྩ་དོན་སྣང་མེད་དུ་རླུང་ལ་བསྐུར་བ་དང་། རྡོ་ལ་གཞུས་པ་ཞིག་ཡིན་པར་སེམས། 

 

ད་དུང་ནག་ཉེས་ལ་ངོས་ལེན་དང་ཉེས་སྐྱོན་ལ་འགྱོད་བཤགས་མེད་པར་གསར་ཁང་དང་རྒྱུད་ལམ་ཁག་ལ་རང་སྐྱོན་འགེབས་བསུམ་བྱེད་པའི་ཐབས་ཤེས་ཡོད་དགུ་རྩ་དཀྲུགས་བྱས་པ་ སོགས་ངོ་ཚ་ཁྲེལ་མེད་ཀྱི་ལས་འགུལ་སྤེལ་བ་དེ་དང་།དེ་མཚུངས་གསར་ཁང་ཁག་གིས་ཀྱང་ སྒྲོལ་དཀར་གྱི་ནག་ཐིག་རྣམས་གཡོལ་ཐབས་ཀྱི་ལས་ལ་བརྩོན་པ་འདིའི་རིགས་ནི་དངོས་ གནས་བོད་སྤྱིའི་གནད་དོན་ལ་བསམ་གཞིགས་དང་། སྤྱི་ཚོགས་ཀྱི་འགན་འཁྲི་མ་ཁུར་པའི་ བརྡ་རྟགས་མ་ནོར་བ་ཞིག་ཡིན་པའི་ར་སྤྲོད་གསལ་བོ་བྱས།

 

སྤྱིར་གསར་ཁང་འགས་དགོས་མེད་ཉོག་གཏམ་མང་པོ་ཞིག་དོན་དངོས་ཡིན་མིན་ལ་མ་ལྟོས་པར་གང་སར་ཁྱབ་བསྒྲགས་དང་།ལོ་མང་དྲ་ཐོག་ཏུ་བཞག་ལུགས་ལ་ལྟ་དུས་འདིའི་འདྲའི་གནད ་དོན་ཚབ་ཆེན་རིགས་དྲ་ཐོག་དང་ཚགས་ཤོག་ཁག་ཏུ་འགོད་དགོས་པ་ལས། ཅི་ཡང་མ་ཚོར་ མདོག་མདོག་གིས་སྦས་གསང་བྱེད་རོགས་བྱེད་པ་ནི་ཧང་སང་ཧོན་འཐོར་གྱི་གནས་སུ་གྱུར་བ་ཞིག་རེད།  ལྷག་དོན་ཁར་སང་བང་ཆེན་         གསར་ཁང་གིས་འདིའི་སྐོར་གྱི་གནས་ཚུལ་ཞིག་དྲ་ཐོག་ཏུ་བཏང་འདུག་མོད། འོན་ཀྱང་སྐར་ཆ་འགའི་རྗེས་ནས་ནག་བསུབ་བཏང་བ་སོགས་ལ་བསམ་ཚེ། སྒྲོལ་དཀར་ལྷ་མོ་ནི་ཇི་འདྲའི་ནུས་ཤུགས་ཅན་གྱི་དཔའ་མོ་ཞིག་ཡིན་པ་སེམས་སོ།

 

འཛམ་གླིང་རྒྱ་ཁབ་ཁག་གིས་ལྐོག་ཟ་རུལ་བྱེད་མཁན་ལ་ངོ་རྒོལ་དང་སྐྱོན་མཚང་ཐེར་འདོན་གྱི་འདྲེན་བརྡ་བཏང་དང་གཏོང་བཞིན་པའི་སྐབས་འདིར། འུ་ཚོ་དེ་ལས་ལྡོག་སྟེ་གཅིག་མཚང་ གཅིག་གིས་འགེབས་བཞིན་རང་མགོ་རང་གིས་གཡོག་ལུགས་ལ་ལྟ་དུས། ད་གཟོད་འུ་ཚོ་རྗེས་ལུས་ནང་གི་ཡང་ལུས་ཡིན་པའི་ངེས་ཤེས་སྐྱེས་སོང་ལ་ད་དུང་མུ་མཐུད་དུ་འདི་ལྟ་བུའི་ ཁྲེལ་མེད་ཀྱི་སྟེགས་བུ་ལས་བརྒལ་མ་ཐུབ་ཚེ་ཡར་རྒྱས་དང་མདུན་སྐྱོད་ཀྱི་ལས་འགུལ་ཞིག་གང་ནས་བཙལ་དགོས།

 

སྤྱིར་འུ་ཚོ་བོད་ལ་མཚོན་ན་དཔལ་འབྱོར་གྱི་ཡོང་འབབ་ཤིན་ཏུ་ཞན་པ་དང་། དེའི་ཐོག་རྒྱ་དམར་གྱིས་ནང་ནས་ཟོས་ཏེ་ཤ་ཟད་རུས་པ་ལ་གཏུགས་པ་དང་། ཕྱི་སྡོད་བཙན་བྱོལ་བ་ནང་ཁུལ་རང་མིས་ཟོས་ཏེ་སྤྲང་པོ་དབྱུགས་ཐོགས་པ་ལ་བསྒྱུར་བའི་ངང་ཚུལ་འདི་དག་མཐོང་ཚེ། ཕྱི་དགྲ་རྒྱ་དམར་ལས་ནང་སྒྲ་ལྐོག་ཟ་ཅན་ཚོར་ཁོང་ཁྲོ་གཏིང་ནས་ལངས་པ་དང་། སེམས་པ་རྨང་ནས་འཁྲུགས་པའི་གནས་སུ་གྱུར་དོ།།

གསེར་རྟ་བསོད་ནམས་ཕུན་ཚོགས་ནས་ངོ་དེབ་རྒྱུད་བསྐུར་སོང་།།

Back

དཔྱད་བརྗོད།

Date
By
Subject

བཚམ་ཚུལ

འདི་ལྟ་བུ་བྱ་ངན་རིགས་དྲ་ལམ་ཁག་བཀོད་རྒྱུ་དེ་ཧ་ཅང་གི་གལ་འགང་ཆེན་པོ་རེད། འོན་ཀྱང་གནས་ཚུལ་གང་ཡིན་ཡང་བདེན་དཔང་དགོས་བ་རེད།

Date
By
Subject

Re: བཚམ་ཚུལ

བདེན་དཔང་ཡོད་ཟེར་མཁན་ཁྱེད་རང་མ་རེད་པས།

Date
By
Subject

བོད་རང་བཙན

ཟླ་བ་ཚེ་རིང་རྒོད་ཐག་ཆོད་ནས་བཙན་བྱོལ་བོད་གཞུང་གསོན་ཟོས་བྱས། །
སྒྲོལ་དཀར་ལྷ་མོ་སྤྱང་ཐག་ཆོད་ནས་བུད་མེད་ཚོགས་པའི་སྒོར་མོ་བརྐུས། །
གསར་འགོད་པ་རྣམས་ཅི་མི་སྙམ་དུ་རྡ་སའི་ནགས་ན་འཇགས་སེ་བསྡད། །
ཆབ་སྲིད་པ་ཚོས་ལྟད་མོ་ལྟ་བཞིན་གོ་སྐབས་འཚོལ་བར་བྲེལ་ནས་འདུག །

ཡ་མེད་ཁ་ལ་བདག་པོ་མེད་པས་སྙིང་ལ་ཟུག་པའི་སྙན་ངག་ཞིག།།
ཤོ་ལོ་ཀ་ཡི་འགྲོས་སུ་དྲངས་ནས་རང་མོས་གླེང་སྟེགས་འདི་རུ་སྤེལ། །
སང་ཉིན་ནངས་མོ་ཁ་རྡུང་རྒྱབ་རྡུང་ཇི་ཞིག་ཡོད་མེད་མི་ཤེས་དེ། །
ཡོད་ཚད་རང་གི་ཁ་ཡིས་ཉོས་ན་སུ་ལ་ལས་བརྡའ་མི་བྱེད་དོ། །

Date
By
Subject

བློ

ཀིརྟི་སྒྲོལ་དཀར་དང་འདྲ་བའི་མི་མང་པོ་ཞིག་ལས་དོན་གང་བྱས་ཀྱང་ཐ་མར་ཨོ་ལོང་མེད་པའི་ལས་ཀ་བྱས་ཀྱང་རེད། མི་དེ་ཚོས་གཞུང་དངུལ་བཟས་གི་རེད་ལ། རྒྱལ་ཚོང་པའི་ལས་དོན་ཡང་གཉེར་གྱི་རེད། འོན་ཀྱང་ཁོ་ཚོར་གསར་ལམ་ཁག་དང་གཞུང་ཁྲིམས་ལུགས་ཚང་མས་གུ་ཡངས་གནང་གི་རེད།

ཤ་ཚ་ཀརྨ་པ་ཆོས་འཕེལ་གྱིས་རང་ཉིད་གླ་ཕོགས་ནས་འགྲོ་གྲོན་བཏང་ཏེ་ཨ་རག་ཏོག་འཐུང་ནའང་མགོ་བླ་མ་ཡིད་བཞིན་ནོར་བུ་ནས་ཐ་དབུས་གཙང་ཚོགས་གཙོ་བར་ཚང་མའི་སྙན་ལ་ཞུས་ན་བློ་སྟོབས་མེད་མཁན་ཞིག་ཡིན་ཚེ་ས་སྟེང་ཡང་བསྡད་མི་ཐུབ་པ་བཟོས་པ་རེད།
ད་དུང་བྱས་རྗེས་ཅན་དཔའ་བོ་མང་པོ་ཞིག་ཀྱང་གནད་དོན་ཆུང་ཚགས་ལ་ཁ་གཡར་ནས་ས་སྟེང་གཏན་ནས་ལངས་མི་ཐུབ་པ་བཟོ་ཡོད། འོན་ཀྱང་སྤྱི་འཐུས་ཟླ་བ་ཚེ་རིེང་ལྟ་བུ་ཁྲིམས་ལུགས་དང་རྩ་འགལ་ཕྱིན་མི་རྐུན་མ་ཚོར་ཉེས་ཆད་གཅོད་རྒྱུ་ཕར་ཞོག་ད་དུང་ཚང་མས་དཔའ་རྟགས་འཐེན་བཞིན་པ་རེད། ད་ཐེངས་ཀྱང་སྒྲོལ་དཀར་ལྷོ་མོ་ཀིརྟི་ལ་ཡང་དེ་བཞིན་གུ་ཡངས་ཐོབ་ངེས་རེད།
འོ་ཡ་ ད་ཡིན་དབུས་ཚོགས་གཙོ་དང་སྤྱི་འཐུས་ཟླ་བ་ཚེ་རིང་ལགས། ད་ཁྱེད་ཀྱིས་སྤྱི་འཐུས་སྒྲོལ་དཀར་ལྷ་མོ་དེ་དབུ་མའི་ལམ་འགུལ་ཚོགས་པར་འཐེན་དང་། དེ་ནས་ཁྱེད་ཀྱི་ཚོགས་པར་མཁས་དབང་དགེ་ཆོས་ཀྱི་སྤྲུལ་པ་ཤར་ཕྱོགས་ཁུག་རྟ་བློ་བཟང་ཆོས་འབྱོར་རིན་པོ་ཆེ། འབྲས་སྤུངས་སྒོ་མང་ཁང་ཚན་གྲྭ་ཟུར་རྨོག་རུ་བསྟན་པ། ཚོགས་གཙོ་ཁྱེད་་་་ མ་ཚང་བ་མེད་པར་ཚང་ཞིང་ཡིད་དུ་འོང་ཟེར་བ་དེ་ཆགས་པ་རེད། དེ་དུས་གྲོས་ཆོད་ཅིག་འཇོག་ནས་ཚོགས་པའི་མིང་བྱང་དེ་ཡང་བརྗེས་ཤིག་

Date
By
Subject

བློ་ཕམ་ཡོད།

གསལ་བཤད་ལན་འདེབས་གནང་ཡོད་འདུག ད་ལྟའི་ཚོགས་ཆེན་དེར་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་དབུས་རྒྱུན་ཚོགས་གཙོ་མདོ་སྨད་སྤྱི་འཐུས་ལས་ཐོག་ཀིརྟི་སྒྲོལ་དཀར་ལྷ་མོ་ལགས་ཚོགས་ཆེན་དུ་ཕེབས་མེད་ཚུལ་འདུག་ལ། ཁ་ཤས་ཀྱིས་ཁོང་སྨན་ཁང་དུ་ཡོད་ཚུལ་བརྗོད་ཀྱི་འདུག ངའི་ཤེས་རྟོགས་བྱུང་བའི་གནས་ཚུལ་ལྟར་ན། བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཙོ་སྒྲོལ་དཀར་ལྷ་མོས། ཚོགས་གཞོན་བསམ་གཏན་ལགས་ཕྱོགས་བསྐྱོད་ཀྱི་སྐབས་སུ་བུད་མེད་ལྷན་ཚོགས་ཀྱི་དངུལ་འཛིན་ལ་ས་ཡིག་བརྒྱབ་པ་ཟིན་པ་ཞིག་ཏུ། དྲུང་ཆེ་ཚེ་དབྱངས་ལགས་ཀྱི་ས་ཡིག་རྫུན་འགོད་ཀྱིས། ཧིན་སྒོར་འབུམ་གཉིས་རྡོ་རྗེ་གླིང་གི་རང་ཉིད་ཀྱི་ནང་དུ་བཏང་ཡོད་ཚུལ་འདུག མཐར་དབུས་རྒྱུན་ནང་དངུལ་འཛིན་གཅིག་ཚང་མིན་གྱི་སྐད་ཆ་ལྷགས་པ་དང་། དངུལ་ཁང་དུ་རྩད་གཅོད་བྱས་པའི་སྐབས་ཧིན་སྒོར་འབུམ་གཉིས་དེ་རྡོ་རྗེ་གླིང་དུ་བཏང་ཡོད་པ་དང་། དངུལ་འཛིན་ལ་ས་ཡིག་ཚོགས་གཞོན་དང་དྲུང་ཆེས་བརྒྱབ་ཡོད་འདུག་ཀྱང་། དྲུང་ཆེའི་ས་ཡིག་ངོ་མ་མ་ཡིན་པར་རྫུན་བཟོ་བྱས་པའི་གནས་ཚུལ་བྱུང་ནས་རྩད་གཅོད་བྱེད་པའི་སྐབས། བྱ་བ་དེ་རྩོམ་མཁན་དབུས་རྒྱུན་ཚོགས་གཙོ་ཀིརྟི་སྒྲོལ་དཀར་ལྷ་མོ་ཡིན་པ་ར་སྤྲོད་བྱུང་ཡོད་ཚུལ་ལ་བརྟེན། ད་ལན་ཚོགས་ཆེན་དུ་ཚོགས་ཕེབས་མ་བྱས་པ་ཡིན་པ་ཚུལ་ཡང་བརྗོད་ཀྱི་འདུག་ལ། ད་ལྟའི་ཆར་དྷ་སའི་སྲང་ལམ་ཀུན་ཏུ་ཁྱབ་འདུག

Date
By
Subject

འབོད་སྐུལ

གནས་ཚུལ་བདེན་པ་ཡིན་མིན་རྗེས་སུ་ཤེས་ངེས་རེད། གནས་ཚུལ་ཁ་གསལ་ལ་མ་གསལ་ལ་་དེ་འདྲ་ངོ་དེབ་ཐོག་ལམ་སང་དྲངས་ཏེ་ཅི་ལ་ཕན། གནས་ཚུལ་འདི་རིགས་བྱུང་ན་སེམས་སྐྱོ་དགོས་པའི་གནས་རེད་མ་གཏོགས་ལམ་སང་རྒྱང་བསྒྲགས་སྦུད་བསྒྲགས་བྱེད་དགོས་པའི་གནས་སྟངས་ཆག་ཡོད་མ་རེད།
ད་ལྟས་གནས་སྐབས་དགྲ་དགའ་གཉེད་སྡུག་ཆག་སྡོད་ཡོད་རེད་ད་་་„ རྒྱ་མི་གུང་ཁྲན་ཏང་གི་གནས་ཚུལ་དེ་དག་གོ་སོང་ན་བཙན་བྱོལ་དུ་ཡོད་པའི་བོད་རིགས་ཚོ་ལ་དམའ་འབེབ་དང་ཐང་ཆུང་དང་ཁྱད་གསོད་བྱེད་པའི་གཞི་རྩ་ཆག་གི་རེད་ད།

གནས་ཚུལ་ཁ་གསལ་ལ་མ་གསལ་ལ་དེ་འདྲ་རྒྱང་སྒྲོག་མ་བྱེད་རོགས་ཅེས་འབོད་སྐུལ་ཞུ།
འདི་རིགས་བོད་པའི་ཞབས་འདྲེན་རེད་གཏོགས་ཞབས་ཞུ་གང་ཡང་མ་རེད། གལ་སྲིད་ཞབས་འདེགས་ཞུ་དྲན་ན་བོད་དོན་མཛལ་གླིང་ཀུན་ལ་བསྒྲགས་ན་དེ་གས་འགྲིག་པ་རེད།

Date
By
Subject

Re: འབོད་སྐུལ

དཔྱད་བརྗོད་གནང་བ་དགའ་བསུ་ཡོད། བཀྲ་ཤིས་བདེ་ལེགས།

Search site

© 2012 All rights reserved. No information or images from this website can be copied or used for any purpose without permission from "KonchoK..com

དཀོན་མཆོག་བོད་རང་བཙན་དྲ་ཚིགས།