རང་སྐྱོང་རག་ན་དེའི་སྐབས་རྒྱ་དར་འཕྱར་དགོས་མིན་ལྟ་དགོས།

11/05/2012 21:56

 

 

རང་སྐྱོང་རག་ན་དེའི་སྐབས་རྒྱ་དར་འཕྱར་དགོས་མིན་ལྟ་དགོས།

 

གླིང་ཚ་ཚེ་བརྟན་རྡོ་རྗེ་མ་བུ་གསུམ་གྱིས། བོད་དོན་གོམ་བགྲོད་སྐབས་རྒྱ་ནག་གི་དར་དམར་འཕྱར་ཡོད་པ་དེར། སྤྱི་ཚོགས་ནང་བསམ་ཚུལ་དང་། གླེང་སློང་འདྲ་མིན་ཞིག་ཡོང་གི་ཡོད་པས། དེའི་སྐོར་ལ་འདི་ག་གསར་ཁང་ནས་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་ལ་ཟླ་འདིའི་ཚེས་༡༡ ཉིན་བཅར་འདྲི་བྱས་ཡོད།

དྲི་བ། ཚེ་བརྟན་རྡོ་རྗེ་མ་བུ་གསུམ་གྱིས་བོད་བར་ཞི་བའི་གོམ་བགྲོད་ལ་འགྲོ་སྐབས། ཁོང་ཚོས་ལམ་བར་ནས་རྒྱ་ནག་གི་དར་དམར་འཕྱར་ནས་འགྲོ་ཡི་ཡོད་པ་དེར་གཞོན་ནུ་ཚོགས་པས་ངོ་རྒོལ་གསལ་བསྒྲགས་དང་། དེ་རྗེས་དབུ་མའི་ལམ་ལས་འགུལ་ཁང་གིས་་དར་དམར་འཕྱར་བ་དེར་རྒྱབ་སྐྱོར་ཡོད་པའི་གསལ་བསྒྲགས་སྤེལ་ཡོད་པ་སོགས་གླེང་སློང་འདྲ་མིན་ཞིག་ཡོང་གི་ཡོད་པར་བརྟེན། སྤྱི་འཐུས་ལྷན་ཚོགས་ཡིན་ནའང་འདྲ་ཚོགས་གཙོའི་ངོས་ནས་དེར་གཟིགས་སྟངས་ག་འདྲ་ཡོད།

speaker_11_5_2012

ལན། དེ་ཚོ་ང་ཚོའི་སྤྱི་ཚོགས་ནང་ལ་མི་དགོས་པའི་སྐད་ཆ་ཞིག་རེད། སྤྱིར་བཏང་གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་དང་། གང་ཟག་སྒེར་བཅས་ལས་འགུལ་སྤེལ་མཁན་ཚང་མ་ལ་གྲོས་ཚོགས་ཕྱི་ནང་གཉིས་ནས་བསྔགས་བརྗོད་ཞུས་ཡོད་ལ། ད་དུང་ཡང་ཞུ་རྒྱུ་ཡིན། ལས་འགུལ་སྤེལ་སྟངས་དེ་སོ་སོའི་བསམ་ཚུལ་དང་རྣམ་དཔྱོད་མི་འདྲ་བའི་ཐོག་ནས་སྤེལ་གྱི་ཡོད་པ་རེད། མི་སྒེར་གྱི་ལས་འགུལ་སྤེལ་ཕྱོགས་ལ་འགྲིག་འདུག་དང་མི་འདུག་ཅེས་བཤད་རྒྱུའི་ཐོབ་ཐང་གཞུང་ལ་ཡོད་མ་རེད་བསམ་གྱི་ཡོད། དེ་སྒེར་གྱི་རང་དབང་རེད། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཚོ་ཡིན་ན་ཡང་། སོ་སོའི་རང་དབང་གི་ཐོག་ནས་ལས་ཀ་བྱེད་ཀྱི་ཡོད་རེད། དེར་བརྟེན། དེའི་ཐོག་ལ་དམིགས་བསལ་གྱི་ཞུ་རྒྱུ་མེད། ཡིན་ན་ཡང་ད་ལྟའི་དུས་ཚོད་དེར་ཆིག་སྒྲིལ་གྱི་ནུས་པ་སྟོན་དགོས་པ་གལ་ཆེན་པོ་རེད། ང་རང་ཚོའི་སྤྱི་ཚོགས་ནང་ལ་སྒྲིག་འཛུགས་ཕན་ཚུན་བར་ལ་དགག་པ་རྒྱག་རེས་དང་། གཅིག་གིས་ངོ་རྒོལ་དང་གཅིག་གིས་རྒྱབ་སྐྱོར་ཡོད་པའི་རྣམ་པ་དེ་འདྲ་ཡོང་བསྡད་པ་ཡིན་ན། དེའི་ང་ཚོའི་རྩ་དོན་ལ་ཕན་གྱི་འདུག་གམ། ང་ཚོའི་ཁ་གཏད་ལ་ལག་ཆ་ཆགས་ཀྱི་འདུག དེར་བསམ་བློ་གཏོང་དགོས་པ་གལ་ཆེན་པོ་རེད་བསམ་གྱི་ཡོད། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ལྟ་བུ་ཡིན་ན་འདས་པའི་ལོ་ལྔ་བཅུ་དྲུག་བཅུའི་ནང་ལ། ལས་འགུལ་སྣ་ཚོགས་ཤིག་སྤེལ་ཡོད་རེད། དེའི་ནང་ལ་རྒྱ་ནག་གི་རྒྱལ་དར་ཁྱེར་བ་དེ་འདྲ་གཅིག་ཀྱང་བྱུང་ཡོད་མ་རེད། མ་འོངས་པར་བོད་ཀྱི་དཀའ་རྙོག་དེ་ཞི་བ་དང་གྲོས་མོལ་གྱི་ཐོག་ནས་ཐག་ཆོད་པའི་མཚམས་ཤིག་ལ། ང་རང་ཚོས་དགོས་འདུན་བཏོན་བཞག་པ་ནང་བཞིན་རང་སྐྱོང་ཚད་ལྡན་ཞིག་རག་པ་ཡིན་ན། སྐབས་དེར་རྒྱ་ནག་གི་རྒྱལ་དར་བེད་སྤྱོད་གཏོང་མི་གཏོང་ཟེར་བ་དེ་གནས་སྟངས་གཞན་ཞིག་རེད་མ་གཏོགས། བོད་ཀྱི་དཀའ་རྙོག་གང་ཡང་མ་སེལ་བ་དང་རྒྱ་ནག་གིས་ངོས་ལེན་གཙང་མ་ཞིག་ཀྱང་མེད་པའི་དུས་ཚོད་ཅིག་ལ། དེ་སྔ་ཡང་རྒྱ་ནག་གི་རྒྱལ་དར་བེད་སྤྱོད་བཏང་ཡོད་མ་རེད་ལ་ད་ལྟ་ཡིན་ན་ཡང་གཞུང་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ངོས་ནས་ལས་འགུལ་སྤེལ་བའི་སྐབས་ལ་རྒྱ་དར་བེད་སྤྱོད་གཏོང་བའི་འཆར་གཞི་ཡང་ཡོད་མ་རེད་ལ། བེད་སྤྱོད་གཏོང་དགོས་པའི་རྒྱུ་མཚན་ཡང་ཡོད་མ་རེད། ཡིན་ན་ཡང་ལས་འགུལ་སྤེལ་མཁན་ཚོ་སོ་སོས་འགྲེལ་བཤད་ཅིག་རྒྱག་གི་ཡོད་རེད། འགྲེལ་བཤད་དེ་རྩ་བ་ནས་ཡང་དག་པ་མ་རེད་ཟེར་ནས་བཤད་རྒྱུ་ཁག་པོ་རེད། ཡིན་ན་ཡང་གནས་ཚུལ་དེ་འདྲ་ཡོང་གི་ཡོད་དུས་ཡོང་ས་དེ་གང་ཡིན་དང་དེའི་རྐྱེན་གང་ཡིན་ལ་བལྟ་རྒྱུ་གལ་ཆེན་པོ་རེད་བསམ་གྱི་ཡོད། སྒེར་སོ་སོ་ཡིན་ན་ཡང་བསམ་བློ་གཏོང་དགོས་ཀྱི་ཡོད་པ་རེད། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཚོ་ཡིན་ན་ཡང་། དམིགས་བསལ་གྱིས་དེའི་ནང་ལ་ཐེ་ཇུས་བྱེད་དགོས་པའི་གནས་སྟངས་མཐོང་མ་སོང་། ང་རང་ཚོ་ནང་ཁུལ་ལ་སྐྱོན་བཤད་རེས་བྱེད་བསྡད་ན། ང་རང་ཚོའི་ནུས་པ་ཉམས་ཆག་ལ་འགྲོ་རྐྱེན་ཞིག་མ་གཏོགས། ཕན་ཐོགས་མེད་པ་གསལ་པོ་ཞེ་དྲག་ཡིན་དུས། དེ་རིང་བང་ཆེན་གྱི་བཅར་འདྲི་འདི་བརྒྱུད་ནས་གནས་ཚུལ་དེ་ཚོ་ཚང་མས་ཤེས་དགོས་པ་གལ་ཆེན་པོ་རེད་བསམ་གྱི་ཡོད། ལྷག་པར་དུ་བོད་ནང་གི་རང་ལུས་ཞུགས་འབུལ་གནང་མཁན་ཚོའི་ཞལ་ཆེམས་ཀྱི་ནང་ལ། བོད་མི་ཚོས་ཆིག་བསྒྲིལ་བྱ་དགོས་རེད། ནུས་པ་གཅིག་ཏུ་སྤུངས་དགོས་རེད་ཟེར་བ་དེ། ཤུགས་ཆེན་པོས་བཤད་ཡོད་པ་རེད་ལ་གསོན་པོ་ཚོའི་འབོད་སྒྲ་ཡང་དེ་རེད། དེར་བརྟེན། ཁོང་ཚོའི་རེ་བ་ལྟར་ཚང་མས་དེའི་ཐོག་ལ་བསམ་བློ་གཏོང་དགོས་པ་གལ་ཆེན་པོ་རེད། བོད་ནང་ལ་ཡོད་མཁན་ཚོ་ཡིན་ན་ཐུགས་ཁྲལ་ཞེ་དྲག་གནང་དགོས་ཀྱི་ཡོད་མ་རེད། ང་ཚོ་འདིར་མང་གཙོའི་ལམ་ལུགས་ཐོག་འགྲོ་གི་ཡོད་རེད། སོ་སོའི་བསམ་ཚུལ་ཙམ་བཤད་པ་མ་གཏོགས། དེའི་རྐྱེན་གྱིས་ང་ཚོ་བཙན་བྱོལ་སྤྱི་ཚོགས་ནང་ལ་རྡབ་གསིག་འགྲོ་ས་རེད་བསམ་ནས་ཐུགས་ཁྲལ་གནང་དགོས་ཀྱི་ཡོད་མ་རེད།

དྲི་བ། ལས་འགུལ་སྤེལ་མཁན་གྱིས་རྒྱ་ནག་གི་རྒྱལ་དར་ཁྱེར་རྒྱུ་དེ་འགོ་བརྩམས་ཚར་བ་ཡིན་དུས། མ་འོངས་པར་དེ་འདྲའི་ལས་འགུལ་གྱི་རིགས་མང་དུ་སོང་བ་ཡིན་ན་དེར་གཟིགས་ཕྱོགས་ག་འདྲ་ཡོད།

ལན། མང་དུ་འགྲོ་ཡི་རེད་བསམ་གྱི་མེད་ད་རེས་གནས་ཚུལ་གཅིག་བྱུང་པ་དེར་སྤྱི་ཚོགས་ནང་ལ་གླེང་སློང་ཤུགས་ཆེན་པོ་བྱུང་བ་རེད། དེར་བརྟེན། གོང་དུ་བཤད་པ་ལྟར་དེ་སྔ་ཡང་བྱུང་ཡོད་མ་རེད་ལ། མ་འོངས་པར་དེ་འདྲ་བྱེད་མཁན་ཚོའི་ངོས་ནས་ཡིན་ན་ཡང་བསམ་བློ་གཏོང་དགོས་པ་ཞིག་ཆགས་ཡོད་རེད། རྩ་བའི་ང་ཚོིའི་སྤྱི་ཚོགས་ནང་ལ་སོ་སོའི་ཆབ་སྲིད་ཀྱི་འགྲོ་སྟངས་ལ་དཔྱད་ཞིབ་བྱེད་ཆོག་གི་ཡོད་རེད། ད་རེས་ཀྱི་ལས་འགུལ་འདི་མི་འདྲ་བ་ཞིག་ཆགས་པ་རེད་མ་གཏོགས། ཚང་མའི་ལས་འགུལ་གྱི་ཁ་ཕྱོགས་གཅིག་གྱུར་བྱུང་བསྡད་ཡོད་རེད། དེར་བརྟེན། ལས་འགུལ་དེའི་རིགས་མང་དུ་འགྲོ་བའི་ཉེན་ཁ་མཐོང་མ་སོང་།

དྲི་བ། ལས་འགུལ་དེའི་རྩོད་གླེང་གི་བསམ་ཚུལ་ཞིག་ཡོད་པས། སྤྱི་ཚོགས་ལ་རྡབ་གསིག་འགྲོ་རྒྱུ་རེད་དགོངས་ཀྱི་ཡོད་དམ།

ལན། སྤྱི་ཚོགས་ལ་རྡབ་གསིག་གཏོང་མི་གཏོང་དེ་ང་རང་ཚོའི་ལག་པར་ཡོད་པ་རེད། གནས་ཚུལ་མང་ཆེ་བ་དེ་གསར་འགྱུར་བརྒྱུད་ལམ་ཁག་ནས་ཡོང་གི་ཡོད་རེད། དེར་བརྟེན། བརྒྱུད་ལམ་ཁག་གིས་གསར་འགྱུར་སྤེལ་སྐབས་བློ་གཟུ་བོར་གནས་པའི་ཐོག་ནས་སྤེལ་དགོས་པ་གལ་ཆེན་པོ་རེད། རྩ་བའི་གནས་ཚུལ་འགོད་མཁན་ཚོ་ལ་ཡང་དཀའ་ངལ་ཡོད་རེད། གནས་ཚུལ་ཞིག་བྱུང་ཡོང་དུས། གནས་ཚུལ་དེ་ཕྱི་ལོགས་སུ་སྤེལ་ན་ཡང་མི་འགྲིག མ་སྤེལ་ན་ཡང་མི་འགྲིག་པའི་དཀའ་ངལ་འཕྲད་ཀྱི་ཡོད་པ་ང་ཚོས་ཤེས་ཀྱི་ཡོད། གནས་ཚུལ་དེ་བྱུང་ཚར་པ་རེད་དེ་མེད་པ་བཟོ་རྒྱུ་ཡོད་མ་རེད། ཡིན་ན་ཡང་དེས་སྤྱི་ཚོགས་ལ་རྡབ་གསིག་ཆེན་པོ་ཞིག་ཐེབས་ཀྱི་རེད་བསམ་གྱི་མེད། གང་ཡིན་ཟེར་ན། ད་ལྟའི་ཆར་མང་ཚོགས་ཀྱི་ཆབ་སྲིད་ཀྱི་གོ་རྟོགས་ཡག་ཏུ་སོང་ཡོད་རེད། ང་རང་ཚོའི་སྤྱི་ཚོགས་ནང་ལ་རང་བཙན་དང་དབུ་མའི་ལམ་གྱི་བར་རྩོད་པ་བྱས་ནས་དུས་ཚོད་མང་པོ་ཞིག་བཏང་ཚར་བ་རེད། གནད་དོན་དེ་ཚོའི་ཐོག་ལ་དུས་ཚོད་བཏང་ནས་ཕན་ཐོགས་ཀྱི་མེད་པ་ཤེས་ཀྱི་ཡོད་རེད། ད་ལྟའི་ཆར་བོད་ནང་གི་དཀའ་ངལ་སེལ་ཐབས་ལ་གཞུང་སྒེར་ཚང་མས་ཤུགས་རྒྱག་དགོས་པའི་དུས་ཚོད་རེད། ལྟ་བ་དང་ལངས་ཕྱོགས་གང་ཡིན་རུང་དོན་དག་ངོ་མ་དེ་བོད་ལ་ལོག་རྒྱུ་དེ་རེད། ལས་འགུལ་སྤེལ་ཕྱོགས་ཀྱི་ཐད་ལ་ཁྱད་པར་ཞེ་དྲག་ཡོད་པ་མ་རེད། དེར་བརྟེན། ཚང་མས་མཉམ་རུབ་ཀྱིས་ནུས་པ་འདོན་ཐུབ་ན་སྤྱི་ཚོགས་ལ་ཕན་ཐོགས་ཡོང་གི་རེད་མ་གཏོགས། མུ་མཐུད་ནས་ད་ལྟ་བྱེད་ཀྱི་ཡོད་པ་ནང་བཞིན་བྱ་རྒྱུ་ཡིན་ན་སྒྲིག་འཛུགས་དེ་ཚོ་ཡོད་མེད་ཀྱི་ཁྱད་པར་ཡོད་མ་རེད་བསམ་གྱི་ཡོད།

                   བཅར་འདྲི་ཞུ་མཁན་བོད་ཀྱི་བང་ཆེན་གསར་ཁང་ཡིན།།

Back

བསམ་ཚུལ་བཤད།

No comments found.

Search site

© 2012 All rights reserved. No information or images from this website can be copied or used for any purpose without permission from "KonchoK..com

དཀོན་མཆོག་བོད་རང་བཙན་དྲ་ཚིགས།