གཞུང་གི་སྲིད་ཇུས་རང་བཙན་ཀྱི་ཐོག་ལ་འགྲོ་དགོས་ཀྱི་འདུག

29/07/2012 12:54

 

གཞུང་གི་སྲིད་ཇུས་རང་བཙན་ཀྱི་ཐོག་ལ་འགྲོ་དགོས་ཀྱི་འདུག

jong_tserin_dorjeeརྒྱ་གར་ལྷོ་ཕྱོགས་ཀོ་ལི་གྷལ་དོན་ལྡན་གླིང་ས་གནས་གཞོན་ལྷན་ཚོགས་གཙོ་ཅུང་རྡོ་རྗེ་ཚེ་རིང་ལ་བཅར་འདྲི། གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཁྱད་པར་ལ་དབྱེ་འབྱེད་མེད་པར་ཆིག་སྒྲིལ་གྱི་ལས་འགུལ་སྤེལ་དགོས་པ་དང་། ལས་འགུལ་སྤེལ་མཁན་དང་ལྟད་མོ་ལྟ་མཁན་ལྟ་བུའི་ཁྱད་པར་མ་ཤོར་བ་ཞིག་བྱེད་དགོས་ཀྱི་འདུག་ཅེས་བརྗོད་སོང་།

དྲི་བ། དོན་ལྡན་གླིང་ས་གནས་གཞོན་ལྷན་ངོ་སྤྲོད་མདོར་བསྡུས་གནང་རོགས།
ལན། རྒྱ་གར་ལྷོ་ཕྱོགས་ཀོ་ལི་གྷལ་དོན་ལྡན་གླིང་གི་ས་གནས་གཞོན་ནུ་ལྷན་ཚོགས་དེ་༡༩༧༤  ལོར་དོན་ལྡན་གླིང་གཞིས་ཆགས་བཙུགས་པ་དང་ལྷན་དུ་བཙུགས་འདུག དུས་དེ་ནས་ད་ལྟའི་བར་ས་གནས་གཞོན་ནུས་དུས་ནས་དུས་སུ་རྒྱ་གཞུང་ལ་ངོ་རྒོལ་དང་བོད་དོན་ལས་འགུལ་སྤེལ་བཞིན་པ་རེད་ལ། ལྷག་པར་ལོ་ལྟར་གཏན་འབེབས་ཡོད་པའི་དུས་དྲན་སྲུང་བརྩི་བྱེད་རྒྱུ་དཔེར་ན་བོད་མིའི་རང་དབང་སྒེར་ལངས་དང་། བཞི་པའི་ཉེར་ལྔ། བཞི་པའི་ཉེར་དགུ ལྔ་པའི་ཉེར་གསུམ། དགུ་པའི་ཉེར་བདུན་བཅས་སུ་ས་གནས་ཀྱི་གྲོང་གསེབ་དང་གྲོང་ཁྱེར་ཁག་ཏུ་ཕྱིན་ནས། བོད་དོན་ལས་འགུལ་སྤེལ་གྱི་ཡོད་པས་མ་ཚད། ༢༠༠༨ ལོར་བོད་ནང་ཛ་དྲག་གི་གནས་ཚུལ་བྱུང་བ་ནས་ས་གནས་དང་ས་གནས་གཞན་བཅས་ཀྱི་ཚོགས་པ་ཁག་དང་གོ་བསྡུར་བྱས་ནས་ལས་འགུལ་སྤེལ་གྱི་ཡོད། ས་གནས་ལ་མཚོན་ནའང་༸རྒྱལ་བའི་ཞབས་བརྟན་གསོག་སྒྲུབ། རྒྱལ་གཅེས་དཔའ་བོ་དཔའ་མོ་ཚོའི་ཆེད་དུ་བསྔོ་སྨོན་མཆོད་འབུལ། དེ་བཞིན་དུ་སྤྱི་ཚོགས་ཞབས་ཞུ། ཁོར་ཡུག་སྲུང་སྐྱོབ། འཕྲོད་བསྟེན་དང་ཤེས་རིག་སློབ་གསོ། རྩེད་མོ་གོ་སྒྲིག་ཞུ་བ་སོགས་གང་ཐུབ་བྱེད་ཀྱི་ཡོད།

དྲི་བ། དེང་སྐབས་ཀོ་ལི་གྷར་ས་གནས་གཞོན་ལྷན་ལ་ཚོགས་མི་ག་ཚོད་ཡོད་དམ། 
ལན། སྤྱི་ཡོངས་ནས་བཤད་ན་ས་གནས་གཞོན་ནུའི་ཚོགས་མི་སུམ་བརྒྱ་ཙམ་རེད། ཡིན་ནའང་དངོས་སུ་ལས་འགུལ་ནང་མཉམ་ཞུགས་བྱེད་སྐབས་མང་པོ་ལོ་ན་མཐོན་པོ་ཆགས་འདུག ལོ་གཞོན་པ་ཚོ་ལས་འགུལ་ནང་ཞུགས་པར་དཀའ་ངལ་ཞིག་འཕྲད་ཀྱི་འདུག དེ་གང་ཡིན་ཟེར་ན། སྤྱི་ཚོགས་ནང་གོ་བརྡ་མ་འཕྲོད་པ་ཞིག་འདུག དཔེར་ན་གཞོན་ལྷན་གྱི་ལངས་ཕྱོགས་རང་བཙན་རེད། གཞུང་གི་ལངས་ཕྱོགས་དབུ་མའི་ལམ་རེད་ཟེར་དུས། བོད་ཀྱི་རྩ་དོན་རྩོད་ལེན་གྱི་ཐབས་ལམ་གྱི་ཕྱོགས་ནས་མི་མང་ལ་གོ་བརྡ་མ་འཕྲོད་པ་ཡོང་གི་འདུག དེ་བཞིན་གཞོན་ལྷན་ཚོགས་མིར་ཞུགས་ན་བློས་གཏོང་མང་པོ་དགོས་པས། དེར་བརྟེན་ཚོགས་མི་ཉུང་དུ་འགྲོ་ཡི་འདུག ༡༩༧༠ ལོར་བོད་ཀྱི་གཞོན་ལྷན་དབུ་བརྙེས་པའི་རྗེས་སུ་སློབ་གྲྭའི་འཛིན་རིམ་བརྒྱད་པ་ཡན་ཚང་མ་གཞོན་ལྷན་ཚོགས་མི་རེད། དེ་བཞིན་སྨན་རྩིས་ཁང་གི་སློབ་མ་ཚང་མ་ཚོགས་མི་ཡིན་པ་ལྟ་བུའི་གནས་ཚུལ་ཡོད་པ་རེད། དེང་སྐབས་དེ་འདྲ་རེད་མི་འདུག གང་ལྟར་གོ་བརྡ་མ་འཕྲོད་པ་དང་བློས་གཏོང་མ་ཐུབ་བཅས་ལ་བརྟེན་ནས་ཚོགས་མི་ཉུང་དུ་འགྲོ་ཡི་འདུག རང་ཉིད་ཚོགས་མི་རྒན་པ་ཞིག་ཡིན་པའི་ངོས་ནས་ལོ་གཞོན་པ་ཚོ་ཚོགས་མིར་ཞུགས་དགོས་པའི་རེ་སྐུལ་ཞུ་ཡི་ཡོད།

དྲི་བ། དེང་སྐབས་བོད་ནང་གི་ཛ་དྲག་གནས་བབས་དང་རྒྱ་ནག་གིས་བོད་ཐོག་འཛིན་པའི་སྲིད་ཇུས་བཅས་ལ་བལྟས་ན། གཞོན་ལྷན་གྱི་ལངས་ཕྱོགས་དེ་གལ་ཆེ་ཆུང་ག་འདྲ་ཞིག་ལ་ངོས་འཛིན་གྱི་ཡོད། དེ་དང་འབྲེལ་བའི་གཞོན་ལྷན་ལས་འགུལ་གང་འདྲ་ཞིག་སྤེལ་དགོས་ཀྱི་རེད་བསམ་གྱི་འདུག
ལན། བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་བོད་ཀྱི་རྩ་དོན་དེ་དགོངས་པ་ཆེ་བཞེས་ཀྱིས་འབྲེལ་མོལ་ཐེངས་དགུ་ཙམ་ཕྱིན་པའི་རྗེས་སུ། རྒྱ་ནག་གི་ནམ་ཡང་ཡོང་ཐབས་མེད་པའི་སྐད་ཆ་བཤད་ཀྱི་འདུག་ཟེར་ནས། འབྲེལ་མོལ་ཆད་ནས་ལོ་གཉིས་ཕྱིན་ཟིན་པ་རེད།  དེ་ནས་བོད་མིའི་སྒྲིག་འཛུགས་ལ་འགྱུར་བ་ཕྱིན་ནས་ཆབ་སྲིད་ཀྱི་འགན་དབང་དེ་མི་མང་གིས་འོས་འདེམས་བྱས་པའི་དབུ་ཁྲིད་ཀྱིས་འཛིན་བཞིན་པའི་སྐབས་འདིར་ཡང་དབུ་མའི་ལམ་ལ་འགྱུར་བ་མེད་ཅེས་གསུང་གི་ཡོད་པ་རེད། ཡིན་ནའང་། དབུ་མའི་ལམ་གྱི་ཐོག་ནས་རྒྱ་ནག་ལ་འབྲེལ་མོལ་གནང་མཁན་དམིགས་བསལ་སྐུ་ཚབ་གཉིས་ཀྱིས་རྒྱ་ནག་གིས་ཆེད་བརྗོད་དང་ལན་འདེབས། ལྷག་པར་བོད་ནང་གི་གནས་བབས་བཅས་ལ་བལྟས་ནས་འགན་བློས་མ་བཟོད་པར་དགོངས་པ་ཞུ་དགོས་ཐུག་པ་རེད། གནད་དོན་འདི་དག་ལ་བལྟས་དུས་ང་ཚོའི་རང་བཙན་གྱི་འཐབ་རྩོད་དེ་ཤུགས་ཆེ་རུ་གཏོང་དགོས་པ་དང་། གཞུང་གི་སྲིད་ཇུས་ཀྱང་རང་བཙན་འཐབ་རྩོད་ཀྱི་ཐོག་ལ་འགྲོ་དགོས་ཀྱི་འདུག་ཞུ་རྒྱུ་ཡིན། རང་བཙན་རྩོད་ལེན་བྱེད་རྒྱུ་དེ་ལོ་རྒྱུས་དང་ཁྲིམས་ལུགས་ཚང་མའི་ཐོག་ནས་ཐོབ་ཐང་ཡོད་པ་ཞིག་རེད།  བོད་ནང་དུ་བོད་མི་རྣམས་ཀྱིས་ཀྱང་རྒྱ་ནག་དང་ལྷན་དུ་འདུག་འདོད་རྩ་བ་ནས་མེད་ཅེས་པའི་མཚོན་རྟགས་སུ་རང་ལུས་མེ་རུ་སྦར་ནས་ངོ་རྒོལ་བྱེད་ཀྱི་ཡོད་རེད་སྙམ་པ་རང་ཉིད་ཀྱི་རྨོངས་འཆར་རེད།

དྲི་བ། ད་ལོ་ཕྱི་ཟླ་དགུ་པའི་ནང་དམིགས་བསལ་ཚོགས་ཆེན་ཐེངས་གཉིས་པ་དེ་འཚོག་རྒྱུ་རེད། ཚོགས་ཆེན་འདིའི་གལ་གནད་དང་མཇུག་འབྲས་གང་འདྲ་ཞིག་ཡོང་བར་རེ་བ་བྱེད་ཀྱི་ཡོད།
ལན། སྔོན་མ་བཅའ་ཁྲིམས་ཀྱི་དགོངས་དོན་བཞིན་དམིགས་བསལ་ཚོགས་ཆེན་ཐེངས་དང་པོ་འཚོགས་ནས་གྲོས་ཆོད་མང་པོ་བཞག་ཡོད་པ་རེད། ཡིན་ནའང་གྲོས་ཆོད་ལག་བསྟར་ཐུབ་མི་འདུག ཚོགས་ཆེན་ག་ཚོད་འཚོགས་པ་ཡིན་ནའང་གྲོས་ཆོད་ལག་བསྟར་མ་བྱས་པར་དུས་ཚོད་སྐྱེལ་བ་ལྟ་བུ་བྱས་ན་རྒྱུ་མཚན་མེད་པ་རེད། ང་ཚོས་དུས་ཚོད་ཕར་འགྱངས་ག་ཚོད་བྱས་པ་དེ་ལྟར་རྒྱ་མིས་ངོས་ནས་གོ་སྐབས་ལེན་གྱི་ཡོད་པ་རེད། གང་ལྟར་ད་ཐེངས་ཀྱི་ཚོགས་ཆེན་སྐབས་ཐག་གཅོད་གང་བྱས་པ་དེ་ལག་བསྟར་དགོས་ཀྱི་འདུག ང་ཚོས་འཐབ་རྩོད་དེ་ནང་ཁུལ་ལ་ལངས་ཕྱོགས་ཀྱི་འཐབ་རྩོད་མིན་པར། བོད་ནང་གི་དཀའ་སྡུག་སེལ་བ་དང་བོད་གཞིས་བྱེས་མཉམ་འཛོམས་ཡོང་ཆེད་འཐབ་རྩོད་དགོས་པ་རེད། གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པ་ཟེར་བའི་དབྱེ་བ་འབྱེད་པ་དང་། ལས་འགུལ་སྤེལ་མཁན་དང་ལྟད་མོ་ལྟ་མཁན་ལྟ་བུ་མེད་པར་ཚང་མ་ཆིག་སྒྲིལ་དང་གཅིག་གྱུར་གྱི་ནུས་པ་ཞིག་འདོན་དགོས་ཀྱི་འདུག

དྲི་བ། མཐར་ཁྱེད་རང་གིས་བོད་ཀྱི་བང་ཆེན་བརྒྱུད་ནས་རྒྱ་ཆེའི་མང་ཚོགས་ལ་འབོད་སྐུལ་འདྲ་ཡོད་དམ།
ལན། བོད་ཀྱི་བང་ཆེན་གྱིས་གསར་འགྱུར་བརྒྱུད་ལམ་གཞན་དང་མ་འདྲ་བར་གསར་འགྱུར་དུས་ཐོག་དང་ཁུངས་ལྡན་གཏོང་གི་འདུག ང་ཚོས་དོ་སྣང་ཆེན་པོ་བྱེད་ཀྱི་ཡོད། ཐུགས་རྗེ་ཆེ་ཞུ་བ་དང་། མང་ཚོགས་ལ་གཙོ་བོ་གོང་དུ་བཤད་པ་བཞིན་ང་ཚོས་ལས་འགུལ་གང་འདྲ་ཞིག་སྤེལ་བ་དང་། འཐབ་རྩོད་གང་འདྲ་ཞིག་བྱས་པ་ཡིན་ནའང་། ཆིག་སྒྲིལ་གྱི་ནུས་པ་དགོས་ཀྱི་འདུག །
མེ་སོར་གསར་འགོད་པས་བཅར་འདྲི་བྱས།

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༣༩༦      ཕྱི་ལོ་ ༢༠༡༢/༧/༢༥ ཐོག་བཀོད།

 

Back

Search site

© 2012 All rights reserved. No information or images from this website can be copied or used for any purpose without permission from "KonchoK..com

དཀོན་མཆོག་བོད་རང་བཙན་དྲ་ཚིགས།