སླར་ཡང་རང་ལུས་མེར་སྲེག

17/01/2012 00:10

 

ཨ་མདོ་རྔ་པར་སླར་ཡང་བོད་མི་ཞིག་གིས་རང་ལུས་མེར་སྲེག་བཏང་བ།

༢༠༡༢ ཟླ་ ༡ ཚེས་ ༡༦ རེས་གཟའ་ཟླ་བ།
༄༅། །བོད་ནས་གནས་ཚུལ་ཐོན་གསལ་ལྟར་ན། ཕྱི་ལོ་ ༢༠༡༢ ཟླ་ ༡ ཚེས་ ༡༤ ཉིན་གྱི་ཨ་མདོ་རྔ་པར་སླར་ཡང་བོད་མི་ཞིག་གིས་རང་ལུས་མེར་སྲེག་བཏང་འདུག རང་ལུས་མེར་སྲེག་བཏང་རྗེས་ཁོང་གི་ཕུང་པོ་རྒྱ་གཞུང་ཉེན་རྟོག་པས་ཁྱེར་བར་བརྟེན། ས་གནས་ཡུལ་མི་བདུན་བརྒྱ་ཙམ་གྱིས་ཉེན་རྟོག་ལས་ཁུངས་མཐའ་སྐོར་ཏེ་ཁོང་གི་ཕུང་པོ་རྩིས་སྤྲོད་དགོས་སྐོར་བརྗོད་ཀྱང་ཉེན་རྟོག་པས་ཁས་ལེན་མ་བྱས་སྟབས། ས་གནས་ཡུལ་མི་དང་ཉེན་རྟོག་དབར་འཁྲུག་རྩོད་ཤོར་བར་བརྟེན། ཡུལ་མི་རྒན་མོ་ཞིག་ལ་ཉེན་རྟོག་པས་མེ་མདའ་བརྒྱབ་སྟེ་བསད་ཡོད་པའི་གནས་ཚུལ་ཐོན་འདུག
རྒྱ་ནག་གཞུང་གིས་བོད་མི་ཐོག་དྲག་རྩུབ་ཤུགས་ཆེ་བེད་སྤྱོད་བྱས་པར་དབུས་བོད་མིའི་སྒྲིག་འཛུགས་ངོས་ནས་ཧ་ཅང་སྐྱོན་བརྗོད་དང༌། རྒྱལ་སྤྱིའི་སྤྱི་ཚོགས་ནས་རྒྱ་གཞུང་གིས་སླར་ཡང་བོད་མིའི་ཐོག་དྲག་རྩུབ་བེད་སྤྱོད་མ་བྱ་རྒྱུའི་བར་འདུམ་གནང་རོགས་ཞུ་རྒྱུ་དང༌། ལྷག་པར་འཛམ་གླིང་རྒྱལ་སྤྱིའི་སྤྱི་ཚོགས་དང་མཉམ་འབྲེལ་རྒྱལ་ཚོགས། དེ་བཞིན་གུ་ཡངས་ཅན་གྱི་རྒྱ་རིགས་ཤེས་ཡོན་རྣམས་ནས་ད་ལྟའི་བོད་ནང་གི་དངོས་ཡོད་གནས་ཚུལ་རྟོག་ཞིབ་སླད་མི་སྣ་ཆེད་གཏོང་ཡོང་བའི་འབོད་སྐུལ་ཞུ་རྒྱུ་ཡིན།
རང་ལུས་མེར་སྲེག་གཏོང་དགོས་ཐུག་པའི་ཐབས་སྐྱོའི་གནས་ཚུལ་དེ་དག་གི་འགན་འཁྲི་ཡོངས་རྫོགས་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ནས་ཁྱེར་དགོས། ཐབས་སྡུག་གི་གནས་ཚུལ་དེ་རིགས་མ་ཡོང་བ་བྱ་རྒྱུའི་ནུས་ཤུགས་རྒྱ་གཞུང་ལ་ཡོད། དེ་ནི་བོད་དང་བོད་མིའི་ཐོག་གུ་ཡངས་ཀྱི་སྲིད་བྱུས་འཛིན་དགོས་པ་དེ་ཡིན།

 

Back

Search site

© 2012 All rights reserved. No information or images from this website can be copied or used for any purpose without permission from "KonchoK..com

དཀོན་མཆོག་བོད་རང་བཙན་དྲ་ཚིགས།