སྟག་ལྗོངས་འཆི་མེད་ཀྱིས།

01/04/2012 14:17

 

༄༅། །ཁྱེད་ཚོ་དང་་ཀ་ཅ།

ཝ་སྤྱང་གི་ཧབ་དགོད་ཆེ་ཞིང། མུན་པའི་ཟབ་ཚབ་འཐུག་པའི་དཀའ་ས་ཁག་སའི་ཕ་ཡུལ་ནས། རང་རིགས་ལ་དུང་ཞེན་ཟབ་ཅིང་མི་རིགས་ཡར་རྒྱས་ལ་ནུས་པ་རེ་འདོན་ཐུབ་ན་རབ་ཡིན་བསམ་པའི་དཔའ་བོ་དང་དཔའ་མོ་ཁྱེད་ཚོས་རང་ལུས་ཐུང་ཐུང་དེ་མེ་རུ་སྒྲོན་ཞིང། རང་སེམས་དམར་པོ་དེ་དམར་རྗེན་དུ་སྟོན་ནས། སེང་དཀར་མོའི་གཡུ་རལ་ངོམ་མྱོང་སའི་འཇིག་རྟེན་དེར་རང་དབང་ཆ་ཚང་ཞིག་བསྐྲུན་པར་འབད་ཅིང་བརྩོན་པའི་དམ་བཅའ་གཙང་མ་རེ་བྱེད་ནས་མདུན་ལམ་མེ་ཕུང་དེ་འདམས་ནས་ཆས་ཚེ་ང་ངོ་མ་འགྱོད་ཅིང་གདུང། ཁྱེད་ཚོའི་མི་ཚེར་རིན་ཐང་མེད་པ་མ་རེད་ལ། ཁྱེད་ཚོ་འཇིག་རྟེན་འདིར་འཚོ་འདོད་མེད་པ་དེ་བས་ཀྱང་མ་རེད་མོད། སྐྱེ་འགྲོ་ས་ཡག་དྲུག་གི་བདེ་སྡུག་རྐྱང་རྐྱང་གི་དོན་དུ་ཁྱེད་ཚོ་བཞུད་སོང་བས་ཁྱེད་ཚོའི་སྙིང་སྟོབས་ལ་ངོ་མ་ཚད་མེད་པ་རང་རེད། ཁྱེད་ཚོའི་སྙིང་སྟོབས་དང་ཤ་ཞེན་ཟབ་མོ་འདིས་གཉིད་དུ་གཡོ་བཞིན་པའི་རྒྱལ་ཚོགས་ཀྱིས་རྣ་བར་ཅུང་བརྡ་ཞིག་ཡིན་ངེས་ལ། ཨ་ཕའི་གསེར་ཕོར་གཙོང་མཁན་གྱི་བོད་ཕྲུག་དག་ལ་སླབ་བྱ་ཡག་པོ་ཞིག་ཀྱང་ཡིན་ངེས། ཁྱེད་ཚོའི་ལོ་རྒྱུས་ངོ་མ་བཤད་ན་་་དེང་སྐབས་བཙན་བྱོལ་དུ་ཡོད་པའི་གཞོན་སྐྱེས་དག་གིས་་་་ཀ་ཅ་དང་་་་་ཀླད་པ་ལྗང་ཁུ་ཞིག་བོས་སའི་འབྲོག་ཕྲུག་ཉམས་ཆུང་རེ་ཡིན་འདུག་མོད། དོན་ངོ་མ་མི་རིགས་འདིའི་ཀླད་པ་ལྗང་ཁུ་དེ་སུ་ཞིག་ཡིན་མིན་དེར་ཕྱོགས་སྟོན་ཞིག་བྱེད་སོང་། འགྲན་མེད་ཀྱི་འབྲོང་ཁྱུ་སྟུག་པོས་ཀྱ་ཀྱོག་ཀྱི་ལམ་ཕྲན་དེད་དེ་རྫ་རིར་འགྲིམས་སོང་མོད། ད་དུང་་་ཀ་ཅ་དང་་་ཀླད་པ་ལྗང་ཁུ་ངེད་ཚོ་ཐང་ཆེན་འདིར་ལྷག་སོང། ཁྱེད་ཚོའི་བློ་དང་ལང་ཚོ་ནི་ངའི་སྙིང་གི་ཟུང་ཁྲག་ཡིན་ལ། ཁྱེད་ཚོའི་ལྷད་མེད་ཀྱི་འབོད་སྒྲ་རེ་རེ་ནི་ངའི་ཆགས་མེད་ཀྱི་ཁ་ཏོན་ཡིན། ཁྱེད་ཚོས་ལྷག་བསམ་དཀར་པོའི་འོད་མདངས་གསལ་ལྷང་ངེར་དེ། བཤུ་ལུས་ཀྱི་ཀ་ཅ་ངེད་ཚོས་ཅི་ཡང་མི་ཤེས་མོད། ནམ་ཡང་བསུབ་དུ་མེད་པའི་རྟག་བརྟན་འགྱུར་མེད་ཀྱི་རྡོ་རིང་དུ་འགོད་ངེས་ཅན་ཡིན། བཞུད་ཟིན་པའི་ཁྱེད་ཚོ་ནི་དེང་སང་རྗེས་ལུས་དང་རྙིང་ཞེན་གྱི་དཔེ་མཚོན་འཇོག་སའི། ཨ་ཕའི་པགས་རྩག་ལ་སླན་པ་སྦྱར་ཞིང་གདོད་མའི་སྦྲ་ནག་ལ་ཁ་ཚར་སྤྲས་ནས་བསྡད་མཁན་སྐོར་ཞིག་རང་རེད་འདུག་མོད། ཁྱེད་ཚོའི་མཛད་རྗེས་དེ་ཚོས་དེང་རབས་ཅན་གྱི་བར་སྣང་སྲུང་སྐར་དང། འཇིག་རྟེན་ཕུར་གྲུ་སོགས་ལ་འགྲན་ནས་་གོ་ལ་འདིར་ཁྱབ་སོང། བུ་རྒོད་ཁྱེད་ཚོའི། རེ་འབོད་དམར་པོ་འདི་སང་ཉིན་དཀར་པོ་ཞིག་བསུ་ཕྱིར་ཡིན་པས། ད་་་ཀ་ཅ་་་་ངེད་ཚོས་ཅི་ཞིག་བྱེད་དགོས་མེད་ལམ་སྟོན་གནང་རོགས། སུད་སི་ནས་སྟག་ལྗོངས་འཆི་མེད་ཀྱིས། ༢༠༡༢/༣/༢༧ལ།

Back

Search site

© 2012 All rights reserved. No information or images from this website can be copied or used for any purpose without permission from "KonchoK..com

དཀོན་མཆོག་བོད་རང་བཙན་དྲ་ཚིགས།