རིག་གནས་གསར་བརྗེ

11/12/2009 19:55

རིག་གནས་གསར་བརྗེའི་ལས་འགུལ་གསར་པ།

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༢༥༨ སྟེང་རྩོམ་སྒྲིག་པས་གཏམ་བཤད།

ད་ལྟའི་ཆར་བོད་ཤར་ཕྱོགས་ཁམས་ཀྱི་ས་ཁུལ་སྤྱི་དང་ལྷག་པར་དུ་ཆབ་མདོ་ས་ཁུལ་དུ་དམ་དྲག་ཧ་ཅང་ཆེ་རུ་གཏོང་

བཞིན་ཡོད་འདུག་པ་དང། ལྷག་པར་དུ་རྒྱལ་གཅེས་ཆོས་གཅེས་ཟེར་བའི་ལས་འགུལ་དང་སྦྲགས་ནས་ལས་འགུལ་

འདྲ་མིན་སྤེལ་བཞིན་ཡོད་འདུག     ཉེ་བའི་ལོ་བཅུ་གྲངས་ཚུན་ནས་བོད་ནང་དུ་ཁོར་ཡུག་སྲུང་སྐྱོབ་སྐོར་གྱི་ལས་

འགུལ་སྤེལ་མཁན་མང་པོ་ཡོད་པ་དང། བོད་པ་སྒེར་ངོས་ནས་འགྲོ་སོང་བཏང་ནས་བཙུགས་པའི་ཁོར་ཡུག་སྲུང་སྐྱོབ་

ཀྱི་སྒྲིག་འཛུགས་ཀྱང་ཡོད་པ་རེད། དེ་བཞིན་སེམས་ཅན་ཉམ་ཆུང་གང་མང་སྲོག་བླུ་བྱེད་མཁན་སོགས་གང་མང་

དར་ཁྱབ་ཏུ་སོང་ཡོད་པ་རེད། འོན་ཀྱང་ཉེ་བའི་ཆ་ནས་ཆབ་མདོ་ས་ཁུལ་དུ་ཁོར་ཡུག་སྲུང་སྐྱོབ་ཀྱི་ལས་འགུལ་སྤེལ་

མཁན་མང་པོ་ཞིག་ལ་མ་ཉེས་ཁ་ཡོག་གི་ཞྭ་མོ་གཡོག་ནས་འཛིན་བཟུང་བཙོན་འཇུག་བྱེད་བཞིན་ཡོད་འདུག་པ་

དང། བོད་ཀྱི་སྲོལ་རྒྱུན་རིག་གནས་ཀྱི་ནང་ཁོར་ཡུག་སྲུང་སྐྱོབ་དང་འབྲེལ་བའི་སྐོར་གྱི་རྒྱུན་ཤེས་གལ་ཆེན་པོ་གང་

མང་ཡོད་པ་དེ་དག་ཀྱང་རྨོངས་དད་དུ་བརྩིས་ནས་རྩ་མེད་གཏོང་དགོས་ཚུལ་བརྗོད་བཞིན་ཡོད་པ་རེད། ད་དུང་

ནོར་ལུག་དང་ཉ་ལྕོང་སོགས་སྲོག་བླུ་གཏོང་མཁན་རིགས་ལའང་དེ་ལྟར་བྱེད་མི་ཆོག་ཅེས་དང། སྲོག་བླུ་བྱེད་མཁན་

རྣམས་ཀྱང་འཛིན་བཟུང་བཙོན་འཇུག་བྱས་པ་སོགས་དམ་དྲག་ཧ་ཅང་ཤུགས་ཆེ་བྱེད་བཞིན་ཡོད་པ་རེད།

ད་ལྟའི་ཆར་ཆབ་མདོ་ཁུལ་གྱི་དམར་ཕྱོགས་དྲུང་ཆེ་ཁྲོན་ཡོན་ཟེར་བ་དེས་གནད་དོན་དེ་དག་གི་ཐོག་ལ་དམིགས་

བསལ་སྡང་ཟུག་ཆེན་པོ་བྱེད་མཁན་ཞིག་ཡིན་འདུག་ཅིང། ད་དུང་རྒྱ་གཞུང་གིས་བོད་རིགས་རྐུན་ཇག་ལ་དགའ་

མཁན་རྣམས་ལ་རྒྱབ་སྐྱོར་བྱས་ནས་བོད་རིགས་ནང་ཁུལ་དུ་རྐུན་ཇག་རྒྱག་རེས་དང་མི་གསོད་རེས་བྱེད་བཅུག་པ་

དང། མི་གསོད་མཁན་དང་རྐུན་ཇག་རྒྱག་མཁན་རིགས་ལ་སྲིད་གཞུང་གི་རྒྱབ་སྐྱོར་ཡོད་པས་མགོ་འཕངས་ཇེ་མཐོ་

རུ་འགྲོ་བཞིན་ཡོད་འདུག  མི་མང་དཀྱུས་མ་རྣམས་ལ་སྒང་ནས་རྒྱ་གཞུང་གིས་གནོན་ཤུགས་དང། འོག་ནས་རྐུན་

ཇག་གིས་སུན་བཙེར་གང་མང་མྱོང་དགོས་པས་སོས་དལ་གྱི་འཚོ་བ་སྐྱེལ་རྒྱུ་ཧ་ཅང་ཁག་པོར་གྱུར་ཡོད་ཚུལ་བོད་

ནས་གནད་ཡོད་མི་སྣ་ཞིག་གིས་ཁ་པར་བརྒྱུད་བརྗོད་སོང། དཔེར་ན་གོ་འཇོ་རྫོང་ཁོངས་ས་ངན་ཁུལ་གྱི་ཇག་པ་ཁག་

ཅིག་ལ་རྒྱ་གཞུང་གིས་རོགས་རམ་བྱས་ནས་ཕྱི་ལོ་༢༠༠༤ ལོ་གཅིག་པུའི་ནང་དུ་རྫོང་དེའི་ནང་དུ་བོད་མི་༣༠ ལྷག་

ནང་ཁུལ་གསོད་རེས་བྱས་པ་དང། བརྒྱ་གྲངས་ཤིག་ལ་རྨས་སྐྱོན་བཏང་ཡོད་འདུག དེ་དང་དེ་ལྟ་བུའི་གནས་ཚུལ་

གཞན་ཡང་མང་པོ་བགྲང་སོང།


རྒྱ་གཞུང་གིས་དུས་རྒྱུན་ཁ་ནས་འཆམ་མཐུན་དང་ཞི་བདེའི་སྤྱི་ཚོགས་ཤིག་གསར་སྐྲུན་བྱེད་བཞིན་
ཡོད་པ་དང། བོད་

ཀྱི་ཆོས་དང་རིག་གནས་རྒྱུན་འཛིན་དར་སྤེལ་གཏོང་བཞིན་ཡོད་ཚུལ་བརྗོད་བཞིན་ཡོད་མོད། དོན་དངོས་ཐོག་རྒྱ་

ནག་གི་ཁྲིམས་ལུགས་དང་མི་འགལ་ཞིང་སྲིད་བྱུས་དང་མཐུན་པ། རྒྱལ་སྤྱིའི་ཐོག་གལ་གནད་ཆེན་པོར་བརྩི་བཞིན་

པའི་ཁོར་ཡུག་སྲུང་སྐྱོབ་ཀྱི་ལས་འགུལ་དེ་དག་ལ་རྒྱ་གཞུང་གིས་གནོན་ཤུགས་སྤྲོད་བཞིན་ཡོད་པ་དང། ཁོར་ཡུག་

སྲུང་སྐྱོབ་བྱེད་མཁན་གྱི་མི་སྣ་དེ་དག་འཛིན་བཟུང་བཙོན་འཇུག་བྱས་ནས་ཚེ་སྲོག་གི་ཉེན་ཁ་ལ་ཐུག་ཡོད་པ་སོགས་

ནི་ཕྱོགས་གང་ནས་བལྟས་ཀྱང་ཧ་ལས་དགོས་པའི་གནད་དོན་ཞིག་ཏུ་གྱུར་ཡོད། ད་དུང་ཁྲིམས་ལུགས་དང་མི་

འགལ་ཞིང་ཉམ་ཆུང་སེམས་ཅན་འཆི་ཁ་མའི་སྲོག་བསྐྱབས་པ་ནི་དེ་བས་བཀག་འགོག་བྱ་དགོས་པ་ཞིག་མིན་ལ།

བོད་ཀྱི་ཆོས་དང་རིག་གནས་ཚང་མ་རྨོངས་དད་དུ་བརྩིས་ནས་རྡོག་རོལ་ཏུ་གཏོང་བཞིན་པ་ནི་རྒྱ་གཞུང་གིས་དུས་

རྒྱུན་ཕྱི་བསྒྲགས་བྱེད་བཞིན་པའི་ཁ་གཡང་དེ་དག་ཚང་མ་སྐྱག་རྫུན་ཡིན་པ་དང། རིག་གནས་གསར་བརྗེ་ལྟ་བུའི་ལས་

འགུལ་གསར་པ་ཞིག་བསྐྱར་དུ་འགོ་འཛུགས་བྱས་ཡོད་པའང་ར་སྤྲོད་གསལ་པོ་བྱས་པ་ཞིག་རེད། གང་ལྟར་ད་ལྟའི་

ཆར་བོད་རིགས་ནང་ཁུལ་དུ་མི་གསོད་རྐུ་འཕྲོག་ཇི་ལྟར་བྱས་ཀྱང་རྒྱ་གཞུང་གིས་ཁྲིམས་ཆད་ནན་པོ་གང་ཡང་མེད་

པ་དང། བོད་དོན་ཆེད་ཁ་ནས་སྐད་འབོད་ཙམ་བྱས་ཀྱང་སྲོག་ཐོག་ཏུ་གཏོང་བ་དང་བཙོན་འཇུག་བྱས་པའི་ལོ་རྒྱུས་

ནི་བསུབ་ཐབས་མེད་པ་ཞིག་ཏུ་གྱུར་ཟིན། དེར་བརྟེན་གནས་ལུགས་གང་གི་ཐོག་ནས་བཤད་ཀྱང་རྒྱ་གཞུང་གིས་བྱེད་

སྟངས་འདི་དག་ནི་བོད་མི་རིགས་རྩ་མེད་དུ་གཏོང་བའི་ངན་བྱུས་དང། བོད་ཀྱི་ཆོས་དང་རིག་གནས་ཤུལ་མེད་དུ་

གཏོང་རྒྱུའི་ངན་འཆར་ཞིག་ཡིན་པ་སྨྲོས་མ་དགོས་པ་འདས་པའི་མི་ལོ་དྲུག་ཅུ་ཙམ་གྱི་རིང་རྒྱ་གཞུང་གིས་བོད་ནང་

དུ་སྤེལ་བའི་ལས་འགུལ་ཁག་དང། ད་ལྟའི་ཆར་རྒྱུན་མ་ཆད་པར་སྤེལ་བཞིན་པའི་ལས་འགུལ་ཁག་ལ་ཞིབ་འཇུག་

བྱས་ན་གསལ་པོ་ཤེས་ཐུབ་པ་ཞིག་རེད།།

Back

Search site

© 2012 All rights reserved. No information or images from this website can be copied or used for any purpose without permission from "KonchoK..com

དཀོན་མཆོག་བོད་རང་བཙན་དྲ་ཚིགས།