ཡིག་ཐོག་ཏུ་གསལ་བའི་

13/07/2009 10:27

ཡིག་ཐོག་ཏུ་གསལ་བའི་བོད་ཀྱི་ལོ་རྒྱུས་ཕུ་ཐག

སྤྱི་མཚུངས་ལྟར། འདི་ནས་ཡས་འདེད་ལོ་དུང་ཕྱུར་དུ་མའི་སྔོན་ནས་འཇིག་རྟེན་གྱི་སྒྲ་ཆེན་བྱུང་བས་འཛམ་གླིང་

འདི་གྲུབ་ཅིང༌། འདི་ནས་ལོ་ས་ཡ་༡༨༠ ཡི་སྔོན་རོལ་ནས་སེམས་ཅན་སྨིན་དྲུག་བྱུང་ཚུལ་བཤད་ལ། ལོ་གྲངས་ས་

ཡས་བར་སྟོང་ཆོད་པའི་རིམ་པའི་རྗེས་སུ་མི་རྒོད་དང༌། སྤྲེའུ་སོགས་སེམས་ཅན་མི་འདྲ་བ་སྣ་ཚོགས་ཤིག་གི་རྗེས་སུ་

འགྲོ་བ་མིའི་རིགས་བྱུང་ཟེར། དེས་ན་འཛམ་གླིང་གྲུབ་ནས་འགྲོ་བ་མིའི་རིགས་མ་བྱུང་གི་བར་དུ་སྟོང་ཆ་ལོ་གྲངས་

དུང་ཕྱུར་དང་ས་ཡ་རིམ་པས་ཆོད།

སྐབས་འདིར་ཡིག་ཐོག་ཏུ་གསལ་བའི་ལོ་རྒྱུས་ཕུ་ཐག་རིང་ཤོས་ལ།་་བོད་ཀྱི་ལོ་རྒྱུས་ཕལ་མོ་ཆེར་ལོ་གྲངས་དངོས་སུ་

ཁ་གསལ་ཆེར་མེད་ཀྱང་ཐོག་མར་འཇིག་རྟེན་གྲུབ་ཚུལ་དང༌།  བར་དུ་འགྲོ་བ་མིའི་བྱུང་རིམ།  དེ་དག་རིམ་བཞིན་

འཕེལ་འགྲིབ་བྱུང་ཚུལ་རགས་རིམ་རེ་བཤད་ཅིང༌། དེ་ཡང་རྒྱལ་པོ་བཀའ་ཡི་ཐང་ཡིག་ལས། བར་བསྐལ་ཕྱེད་དུ་མེ་

དྲོད་རླུང་གིས་གཡོས། །དེ་སྟེང་རྡོ་ནི་རིན་ཅེན་གྲུབ་པའི་རྒྱུ། །ཆུ་ཆེན་དབའ་འཚུབ་འཁྲུགས་པའི་ལྦུ་བས་གཡོགས། །དེ་

ཉིད་འབྱུང་བ་ཚ་གྲང་འཐབ་པ་ཡི། །རླུང་གིས་བུས་ནས་ས་རྡོ་མེ་རུ་འབར། །བར་བསྐལ་ཕྱེད་དུ་འབྱུང་བའི་དྭངས་སྙིགས་

ཕྱེད། །ལྕགས་ཐབ་མགར་བས་ཞུན་ཆེན་བཞུ་བ་ལྟར། །རིན་ཅེན་རྡོ་ལ་གསེར་གྱི་ས་གཞི་ཆགས། །ས་ཆུ་མེ་རླུང་རྒྱལ་ཕམ་

སོ་སོའི་དུས། རིན་ཅེན་རྡོ་དང་ས་རུ་དྭངས་སྙིགས་ཕྱེད། །རི་རབ་རིན་ཅེན་རྣམ་པ་ལྔ་ལས་གྲུབ། །གསེར་གྱི་རི་བདུན་གླིང་

བཞི་གླིང་ཕྲན་བརྒྱད། །ལྕགས་རི་ལ་སོགས་སྟོང་གསུམ་འཇིག་རྟེན་ཁམས། །འབྱུང་བ་ཟེར་སྤུངས་ལྦུ་བ་བརྩེགས་ལས་གྲུབ།

།གླིང་བཞི་རི་རབ་བྱེ་བ་ཕྲག་བརྒྱ་ལ། །ཉི་མ་ཟླ་བ་བྱེ་བ་ཕྲག་བརྒྱས་བསྐོར། །མཉམ་དུ་ཆགས་ཤིང་མཉམ་དུ་གནས་པའི་

དུས། །ཡ་ཐོག་རིང་མོར་ཡར་འཕེལ་དུས་མེད་ཀྱང༌། །སྔོན་ཐོན་བསྐལ་པ་བཟང་པོའི་དུས་ཚོད་ཅེས། །སྣོད་ཀྱི་འཇིག་རྟེན་

ཇི་ཆགས་ལེའུ་འོ། །ཞེས་གསལ་བ་འདི་དག་དངོས་དོན་བདེན་ཐོག་ལ་གནས་མིན་ཇི་ལྟར་ཡང༌། བསམ་ན་སྔར་བཤད་

པའི་ལོ་དུང་ཕྱུར་དུ་མའི་སྔོན་རོལ་ན་འཇིག་རྟེན་གྱི་སྒྲ་ཆེན་བྱུང་ཞིང་རྗེས་སུ་ཉི་མའི་ཁྱིམ་རྒྱུད་ཀྱིས་ཟིན་ཏེ་གྲུབ་པའི་

འཛམ་གླིང་འདི་ཉིད་དང༌།    སྒྲ་ཆེན་བྱུང་ནས་ཉི་མའི་ཁྱིམ་རྒྱུད་ཀྱིས་ཟིན་པའི་འཛམ་གླིང་འདི་བཞིན་གླིང་གཞན་བྱེ་

བ་ཕྲག་བརྒྱ་ཡོད་ལུགས་ཚན་རིག་པས་བཤད་པའི་སྙིང་དོན་དང་གཅིག་མཚུངས་སུ་མིན་ནམ་སྙམ་པའི་དོན་སྤྱི་ཡིད་ལ་

འཆར་ཞིང༌། གཞན་ཡང་དེ་ཉིད་ལས། མ་དག་སྤྱི་མཐུན་ལས་ལ་གྲུབ་པ་ནི། ཕྱི་ནང་སྣོད་བཅུད་འཇིག་རྟེན་རྣམ་གཉིས་

ལས། །ཕྱི་ཉིད་འཇིག་ཆགས་སྟོངས་གནས་ཉི་ཤུ་འབྱུང༌། །འཐབ་བྲལ་མན་ཆོད་སྟོངས་གནས་ཉི་ཤུ་ལ། །གཞི་ནི་ནམ་མཁའ་

མཐའ་དབུས་མེད་པ་ཡི། །འདེགས་བྱེད་རླུང་གི་དཀྱིལ་འཁོར་རྒྱ་རེ་ཆེ། །རླུང་གི་དཀྱིལ་འཁོར་ཆེན་པོ་རྔམས་སུ་ནི། །ས་ཡ་

དང་ནི་འབུམ་ཕྲག་དྲུག་ཅུ་གནས། །རྒྱ་ཁྱོན་དཔག་ཚད་གཞལ་མི་ནུས་པ་ཡོད། །ཅེས་གསལ་བ་དག་གིས་ནམ་མཁས་མཐའ་

དབུས་བྲལ་བའི་འཇིག་རྟེན་འདི་ཉིད་གྲུབ་ནས་ཆགས་འཇིག་གི་རླབས་ཕྲེང་ཆེན་པོ་ཐེངས་གྲངས་ཉི་ཤུ་ཙམ་བྱུང་བའི་

རྗེས་སུ་འབྱུང་བ་རླུང་གིས་གཡོས་འཁོར་བྱས་པ་ནས་ད་བར་རྔམས་སུ་སྟེ་དུས་ཡུན་ལོ་ས་ཡ་དང་འབུམ་ཕྲག་དྲུག་ཅུའི་

སྔོན་ནས་སྣོད་བཅུད་གྲུབ་ཡོད་ཅེས་པའི་གོ་དོན་ལ་བཞག་ན་དོན་ལ་མི་གནས་པ་གང་མེད་སྙམ། ༑ བོད་ཀྱི་ལོ་རྒྱུས་ནང་

བོད་མི་ཐོག་མ་བྱུང་བ་ནི་ཕ་སྤྲེལ་རྒན་བྱང་ཆུབ་སེམས་དཔའ་དང༌།    མ་བྲག་སྲིན་མོ་གཉིས་པོའི་རིགས་རྒྱུད་བྱུང་རིམ་

དང་བཅས་པ་ཐ་ཐོར་གསལ་བཤད་བྱས་ཡོད་པ་བོད་མི་བྱུང་བའི་ལོ་རྒྱུས་ཀྱི་ཕུ་ཐག་རིང་ཤོས་དེ་ཡིན་ལ། བརྗོད་ཟིན་

ལྟར།ཕ་སྤྲེལ་རྒན་བྱང་ཆུབ་སེམས་དཔའ་དང་མ་བྲག་སྲིན་མོ་གཉིས་ནས་བོད་མངའ་མཛད་ཐོག་མའི་བར་ལོ་རྒྱུས་མི་

གསལ་བའི་དུས་རིམ་དུང་ཕྱུར་རིམ་པས་ཆོད་ཅིང༌། འཇིག་རྟེན་གྲུབ་པ་ནས་ཕ་སྤྲེལ་རྒན་བྱང་ཆུབ་སེམས་དཔའ་དང་

མ་བྲག་སྲིན་མོ་གཉིས་ཀྱི་བར་ཐག་ལའང་ལོ་གྲངས་དུང་ཕྱུར་དང་ས་ཡ་དུ་མས་ཆོད། ༑ བོན་གཞུང་ལས། བོད་ཀྱི་ཡུལ་

འདི་དང་པོ་ཆུས་གང་བའི་ལོ་རྒྱུས་དེ་ཡང་དང་པོ་ལོ་སྟོང་ཕྲག་མང་པོའི་གོང་ནས་སྟོད་འབྲོག་ཞང་ཞུང་གི་ཡུལ་སྡེ་

རྣམས་ཆུས་གང་ཡོད་པར་མངོན་ཏེ། དེང་སང་མཚོ་མང་པོ་ཡོད་པ་དེ་རྣམས་ཀྱི་མཚམས་སུ་ཆུ་བྲི་བའི་རིམ་པ་གསལ་

བར་འདུག་ཅིང༌། དྲུ་ཟེར་བའི་ས་ཞགས་ཀྱི་རིམ་པའི་གསེབ་ཏུ་དུད་འགྲོའི་རུས་པ་རྙིང་པ་རྡོ་དང༌། བྱེ་མའི་བཟོ་ལྟ་བུ་

ཐོན་གྱི་རེད། དེ་རྣམས་ཆུ་གནས་ཀྱི་རུས་པ་ཡིན། དེ་ཡང་ལོ་སྟོང་ཕྲག་ཉུང་ངུའི་ནང་དེ་ལྟར་བྲི་འགྲོ་བའི་ཐབས་མེད་

པ་ལྟ་བུ་རེད་ཅེས་སློབ་དཔོན་བསྟན་འཛིན་རྣམ་

དག་མཆོག་གིས་གསུངས་པ་འདི་དག་ཀྱང་དཔྱད་ན་ལོ་གྲངས་ཁྲི་ཕྲག་རིམ་རྒྱུད་ཀྱི་ལོ་རྒྱུས་ཤིག་ཡིན་ཤས་ཆེ། ༑ རྒྱལ་

པོའི་བཀའ་ཐང་ལས། བོད་ཡུལ་གངས་རི་རྩེ་དགུའི་ལྗོངས་འདི་རུ། །སྤུར་རྒྱལ་གོང་དུ་མངའ་མཛད་དྲུག་ཏུ་བྱུང༌། །དང་

པོ་གནོད་སྦྱིན་ནག་པོས་དབང་བྱས་ཏེ། །ཡུལ་མིང་བདུད་ཡུལ་ཁ་རག་མགོ་དགུར་བཏགས། །སྔ་རྟགས་གཉེན་པོ་བཙན་

པ་དེ་ནས་བྱུང༌། །ཞེས་དང༌། དཔའ་བོ་གཙུག་ལག་ཕྲེང་བས་མཛད་པའི་ལྷོ་བྲག་ཆོས་འབྱུང་ངམ། ཆོས་འབྱུང་མཁས་

པའི་སྟོན་ལས། བོད་ཁམས་ཡུལ་དུ་རུང་བར་གྱུར་ནས་ཀྱང༌། །དང་པོར་མི་མ་ཡིན་གྱི་ཡུལ་དུ་གྱུར། །གནོད་སྦྱིན་ལ་སོགས་

བཅུ་ཡིས་དབང་བྱས་སྐད། །ལོ་རྒྱུས་ཆེན་མོ་སོགས་ལས་དང་པོར་གནོད་སྦྱིན་ནག་པོས་དབང་བྱས་སྟེ། །ཡུལ་གྱི་མིང་ཡང་

བཟང་ཡུལ་རྒན་མེད་ཟེར། །མཚོན་ཆ་མདའ་གཞུ་དེ་ཡི་དུས་སུ་བྱུང༌། །ཞེས་རྒྱལ་པོ་བཀའ་ཡི་ཐང་ཡིག་དང་ཅུང་ཟད་

་འདྲ་བ་ལྟ་བུར་སྣང་ཡང༌། མངའ་མཛད་ཀྱི་ཐོག་མ་གནོད་སྦྱིན་ནག་པོའི་དུས་རབས་ཡིན་པ་གཅིག་མཚུངས་སུ་གསལ་

བས། གང་ལྟར་གནོད་སྦྱིན་ནག་པོའི་དུས་རབས་འདི་ནས་ཡས་འདེད་ལོ་གྲངས་བརྒྱ་ཕྲག་དྲུག་ཅུ་ཡས་མས་ཙམ་འདས་

པར་བསམ་ཡོད། མདོར་ན། འདི་སྐབས་ལོ་རྒྱུས་ཁག་ཏུ་བོད་ཀྱི་ལོ་རྒྱུས་ཕུ་ཐག་རིང་ཤོས་ལ་དུས་ཚིགས་ཆེ་ཤོས་ལྟ་བུ་

གསུམ་སྟེ། དང་པོ་སྲིད་པ་ཆགས་ཚུལ་བཤད་པ། གཉིས་པ་ཕ་སྤྲེལ་རྒན་བྱང་ཆུབ་སེམས་དཔའ་དང་མ་བྲག་སྲིན་མོ་གཉིས

་བྱུང་སྟངས། གསུམ་པ་བོད་མངའ་མཛད་ཀྱི་དུས་རིམ་བྱུང་བ་བཤད་པས་དང་པོ་ལ་ལོ་གྲངས་དུང་ཕྱུར་དུ་མས་བརྒལ་

ཟིན་པ་དང༌། གཉིས་པ་ལའང་ལོ་གྲངས་རགས་བརྩིས་དུང་ཕྱུར་གཉིས་ཙམ་འདས་ཤིང༌། གསུམ་པའི་ལོ་གྲངས་སྟོང་ཚོ་

དྲུག་གི་ཡས་མས་ཙམ་སོང་ཟིན་ལུགས་སྐོར་ཡིག་ཐོག་ཏུ་འཁོད་པའི་བོད་ཀྱི་ལོ་རྒྱུས་ཕུ་ཐག་རིང་ཤོས་དེ་དག་ཡིན་པ་

རེད།

ས་རཱ་མཐོ་སློབ། ངག་དབང་བྱམས་པས།

Back

Search site

© 2012 All rights reserved. No information or images from this website can be copied or used for any purpose without permission from "KonchoK..com

དཀོན་མཆོག་བོད་རང་བཙན་དྲ་ཚིགས།