འཛམ་ཐང་རྫོང་ཁོངས་སུ་ཞི་རྒོལ་བར་དྲག་གནོན།

27/01/2012 23:14

 

འཛམ་ཐང་རྫོང་ཁོངས་སུ་ཞི་རྒོལ་བར་དྲག་གནོན།

 

བོད་ཀྱི་བང་ཆེན།

ཟླ་འདིའི་ཚེས་༢༦ ཉིན་བོད་ཨ་མདོ་འཛམ་ཐང་རྫོང་ཁོངས་སུ་བོད་མི་ཚོས་རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་བར་བརྟེན། རྒྱ་ནག་གཞུང་གིས་ཉེན་རྟོག་པ་བཏང་སྟེ་དྲག་གནོན་བྱས་ཏེ། མི་གཅིག་བསད་ཡོད་པའི་གནས་ཚུལ་འདུག ད་ལྟ་ས་གནས་སུ་ཛ་དྲག་ཆགས་ཡོད་འདུག

དེ་ཡང་དྷ་ས་བཞུགས་སྒར་ཀིརྟིའི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པ་བློ་བཟང་ཡེ་ཤེས་དང་ཀ་ཉག་ཚེ་རིང་གཉིས་ཀྱིས་གནས་ཚུལ་སྤེལ་བ་ལྟར་ན། ཟླ་འདིའི་ཕྱི་ཚེས་ ༢༣ ཉིན་རྔ་པ་རང་སྐྱོང་ཁུལ་འཛམ་ཐང་རྫོང་འཛུ་སྨད་ནམ་མདའ་ཤང་ཐོག་ནས་སྐྱ་སེར་ཕོ་མོ་གཅིག་སྟོང་ལྷག་གིས་མར་མེ་ཁྲོམ་སྐོར་བྱས་ཤིང་། སྐབས་དེར་ལས་འགུལ་སྣེ་ཁྲིད་པས་ལོ་གསར་གྱི་ཉིན་མོ་འདི་ནི་རང་ལུས་མེར་སྲེག་གིས་རྒྱ་གཞུང་ལ་ངོ་རྒོལ་གནང་མཁན་རྣམས་ལ་གདུང་སེམས་མཉམ་བསྐྱེད་དང་རྗེས་དྲན་ཞུ་བའི་ཉིན་མོ་ཞིག་ལས་དགའ་སྤྲོས་ཁེངས་པའི་ཉིན་མོ་ཞིག་མིན་ཚུལ་དང་། རང་ལུས་མེར་སྲེག་གཏོང་མཁན་དཔའ་བོ་དཔའ་མོ་རྣམས་རེ་རེ་བཞིན་མི་མང་ལ་ངོ་སྤྲོད་དང་བཅས་གཏམ་བཤད་གནང་ཡོད་འདུག

དེ་བཞིན་ཕྱི་ཚེས་ ༢༦ ཉིན་གྱི་བོད་ནང་གི་ཆུ་ཚོད་ ༡༢ ཙམ་ལ་འཛུ་སྟོད་འཛམ་ཐང་བར་མ་ཤང་ཐོག་ཏུ་རི་སྤུངས་ནོར་མོའི་བུ་ཐར་པ་ཞེས་པས་ཡི་གེ་སྦྱར་ནས་ད་བར་མི་མང་པོ་ཞིག་གིས་རང་ལུས་མེར་བསྲེག་གཏོང་དགོས་པའི་རྒྱུ་མཚན་བོད་ལ་རང་དབང་དགོས་པ་དང་། རྒྱལ་བ་རིན་པོ་ཆེ་བོད་ལ་གདན་འདྲེན་ཞུ་རྒྱུའི་ཆེད་ཡིན་ཞིང་། དམིགས་ཡུལ་དེ་མ་འགྲུབ་བར་དུ་ང་ཚོ་བོད་མིས་ལས་འགུལ་མཚམས་འཇོག་མི་སྲིད་པ་བཅས་ཀྱི་ནང་དོན་འཁོད་ཡོད་པ་དང་། ཡི་གེ་འདི་སྦྱར་མཁན་ཐར་པ་ཁོ་རང་ཡིན་ཚུལ་གྱིས་ཁོ་རང་གི་འདྲ་པར་དང་། མིང་སོགས་གསལ་པོ་བྲིས་ནས་ཁྱེད་རྒྱ་གུང་ཁྲན་འཛིན་བཟུང་བྱེད་དུ་ཤོག་ཅེས་བྲིས་ཡོད་སྟབས། བོད་ནང་གི་ཆུ་ཚོད་ ༢ ཙམ་ལ་ཉེན་རྟོག་པ་དང་དམག་མི་མང་པོས་རི་སྤུངས་ནོར་མོ་ཚང་བསྐོར་ནས་ཐར་པ་འཛིན་བཟུང་གིས་བཙན་ཁྲིད་བྱེད་སྐབས་མི་མང་གིས་ནུས་ཤུགས་ཡོད་དགུས་བཀག་འགོག་བྱས་ཤིང་། མི་མང་པོས་ངོ་རྒོལ་སྐད་འབོད་དང་ཐར་པ་བཟུང་ན་མི་མང་ཚང་མས་ཡར་ལངས་བྱེད་རྒྱུ་ཡིན་ཚུལ་སོགས་བརྗོད་ནས་བཀག་འགོག་བྱས་ཡོད་པ་རེད།

ཉེན་རྟོག་པས་མི་མང་ཐོག་མཚོན་ཆ་བེད་སྤྱོད་ཀྱིས་གནས་ཚུལ་ཡོང་ཁུངས་ནས་གསུང་དོན་ལྟར་ན། མི་གཅིག་སྐབས་དེ་རང་དུ་འདས་གྲོངས་སུ་གྱུར་ཡོད་པ་དང་། དེ་མིན་གྱི་མང་པོ་ཞིག་ལ་མེ་མདས་རྨས་སྐྱོན་ཕོག་ཡོད་ཀྱང་། ཁོང་རྣམས་ཀྱི་མིང་དང་ས་གནས་སོགས་ད་ལྟ་མུ་མཐུད་ཛ་དྲག་གི་གནས་སྟངས་འགྲོ་བཞིན་ཡོད་སྟབས་གསལ་པོ་ཤེས་རྟོགས་མ་ཐུབ་མོད། རྒྱ་གར་གྱི་ཆུ་ཚོད་ ༧ ཙམ་ལ་གནས་ཚུལ་ཤེས་རྟོགས་བྱུང་བར་འཛུ་སྟོད་འཛུ་སྨད་སོགས་ས་ཕྱོགས་མང་པོ་ཞིག་ནས་བར་མ་ཤང་དུ་མི་མང་གཅིག་ཁྲི་ཡས་མས་འདུ་འཛོམས་བྱུང་ཡོད་པ་དང་། ད་དུང་ས་གནས་མང་པོ་ནས་མི་མང་བར་མ་ཞང་དུ་ཡོང་བཞིན་ཡོད་འདུག་པ་བཅས་ཀྱི་ཛ་དྲག་གི་གནས་སུ་གྱུར་ཡོད་འདུག

Back

Search site

© 2012 All rights reserved. No information or images from this website can be copied or used for any purpose without permission from "KonchoK..com

དཀོན་མཆོག་བོད་རང་བཙན་དྲ་ཚིགས།