འབྲོག་པའི་ཏིས་རྩོད

26/10/2009 16:53

འབྲོག་པའི་ཏིས་རྩོད

འབྲོག་མི་ནི་རང་གཤིས་བཟང་ཞིང་འདྲིས་ཐག་རིང་བ་སོགས་རང་བཞིན་གྱི་ཡོན་ཏན་དུ་མ་དང་ལྡན་པ་ཞིག་

རེད།  འོན་ཀྱང་འབྲོག་མི་ཞིག་གི་དགྲར་གྱུར་པ་ཡིན་ན་ཉེན་ཚབས་ཧ་ཅང་ཆེ་བ་ཞིག་ཀྱང་ཡིན་པ་རེད།  མི་སུ་

ཡང་རུང་བ་ཞིག་གམ་ཕྱོགས་ཁག་གང་ཡང་རུང་བ་ཞིག་གིས་འབྲོག་མི་གཅིག་གམ་མི་སྡེའི་ཤོག་ཁག་གང་རུང་

ཞིག་ལ་འཁོན་རྩོད་ཀྱི་གཞི་ཆེ་ཕྲ་གང་ཡང་རུང་བ་ཞིག་ཤོར་བ་ཡིན་ན།  དེ་མ་ཐག་ཏུ་རང་ངོས་ནས་དྲང་ཞིང་

འོས་པའི་འདུམ་ལེན་དགོས་པ་ནི་ཧ་ཅང་གལ་ཆེན་པོ་ཞིག་རེད།  གལ་ཏེ་རྩོད་གཞི་དེ་སྣང་ཆུང་དུ་བཞག་པ་

ཡིན་ན།  "ཏིས་རྩོད" ཅེས་བྱ་བ་འབྲོག་པའི་འཁོན་རྩོད་ཆེན་པོ་ཞིག་ཏུ་འགྱུར་ཉེན་ཡོད་པ་རེད།
    དེ་ཡང་དཔེར་ན་འབྲོག་མི་སུ་ཡང་རུང་བ་ཞིག་ལ་ཡུལ་དེའམ།  ཡུལ་ཐ་དད་པའི་མི་གཅིག་གམ་མི་སྡེའི་ཤོག་

ཁག་གང་ཡང་རུང་བ་ཞིག་གིས་མཚེར་ས་དང་།  རྒྱུ་ནོར།  གཉེན་སྒྲིག་གོ་ལོགས་སོགས་ཀྱི་རྩོད་གཞི་ཆེ་ཕྲ་ཅི་རིགས་

ལ་བརྟེན་ནས་ཕན་ཚུན་འཁོན་འགྲས་བསགས་པ་དང་།      ཕྱོགས་ཕན་ཚུན་གཉིས་ཀས་འགལ་གཞི་དེ་དག་རང་

གནོངས་སུ་ངོ་མ་བླངས་པ་ཡིན་ན།  འཁོན་གཞི་གང་ལ་བྱུང་བའི་མི་དེའི་ནང་མི་དང་།  མི་དེའི་ཉེན་ཚན་རྣམས་

དང་།  མི་དེ་དང་དེ་ཉེ་ཚན་གྱི་མནའ་ཡ་ཚང་མ་ཕྱོགས་བསྒྲིལ་ཏེ་ཤོག་ཁག་གཅིག་ཏུ་གྱེས་ཤིང་།  ཤོག་ཁག་དེས་

རྩ་བའི་རྩོད་གཞིའི་ཐོག་ཏུ་རྒྱལ་ཁ་འཐོབ་པའི་ཆེད་དུ་འཐབ་འཛིང་མི་རབས་ནས་མི་རབས་ཀྱི་བར་དུ་བྱེད་སྲོལ་

ཡོད་པ་རེད།  སྤྱིར་བཏང་གི་ཏིས་རྩོད་ཡུན་རིང་དུ་ལུས་ཤིང་འཕེལ་རྒྱས་སུ་ཕྱིན་པ་ལ་བརྟེན་ནས་ཆེས་ཉེན་ཁ་ཆེ་

བའིམི་ཤཞེས་བྱ་བའི་རྩོད་གཞི་འབྱུང་བ་སྟེ།  དེ་ཡང་དཔེར་ན་ཏིས་རྩོད་ཀྱི་ནང་དུ་རྩོད་མཁན་གང་རུང་ཞིག་

གིས་མི་ཞིག་བསད་པ་ཡིན་ན།  གསད་པའི་ཤོག་ཁག་དེས་གསོད་མཁན་ལག་དམར་དེ་བསད་མ་ཐུབ་པའི་བར་དུ་

འགྲིག་ཐབས་གཞན་མེད་ཅིང་།  དེ་ལྟར་རེས་འཁོར་གྱིས་མི་རབས་ཧ་ཅང་མང་པོའི་རིང་ལའང་རྫོགས་རྒྱུ་མེད་པའི་

མི་ཤའི་རྩོད་གཞི་ཚབས་ཆེན་པོ་དག་འབྱུང་གི་ཡོད་པ་རེད།  མི་སྡེའི་ལྷན་སྐྱེས་ཀྱི་ལྟ་བ་ལའང་།  གལ་ཏེ་དགྲ་ཞིག་

གིས་མི་ཚང་ཞིག་གི་ཕ་བསད་པ་ཡིན་ན།    དེའི་བུས་ཕ་གསོད་ལག་དམར་དེ་བསད་ཐུབ་དགོས་པ་ནི་བུ་རང་གི་

ལས་འགན་གྱི་གཙོ་བོར་ཆགས་པ་དང་།  གལ་ཏེ་ཤུལ་དུ་བུ་མེད་པའི་མི་ཞིག་བསད་པ་ཡིན་ན།  མི་དེའི་མནའ་ཡ་

དག་གིས་ལག་དམར་ལས་སྲོག་ལེན་འཐོབ་ཐུབ་དགོས་པ་དེ་མནའ་ཡའི་ལས་འགན་ཞིག་ཏུ་ཆགས་པ་དང་།  གལ་

ཏེ་བུའམ་མནའ་ཡ་དེ་དག་གིས་ཤ་ལེན་འཐོབ་མ་ཐུབ་ན།  མི་དེ་དག་ནི་ཡུལ་གྱི་མི་ཚང་མས་བརྙས་པ་དང་ཧ་ཅང་

སྨད་པར་བྱ་བའི་གནས་སུ་འགྱུར་གྱི་ཡོད་པ་རེད། འབྲོག་ཡུལ་རྣམས་སུ་ལོ་གྲངས་བརྒྱ་ལྷག་གི་དུས་ནས་བྱུང་བའི་

ཏིས་རྩོད་རིམ་བཞིན་དར་རྒྱས་སུ་ཕྱིན་པ་ད་ལྟའི་དུས་སུ་འཕྲོ་བསྐྱང་བའི་རིགས་ཀྱང་མང་དུ་སྣང་ངོ་།།


    འབྲོག་སྡེ་ཁ་ཤས་ནི་ཏིས་རྩོད་ཀྱི་དཀའ་ངལ་ལ་བརྟེན་ནས་རང་ཡུལ་དུ་ཆགས་མ་ནུས་ཤིང་།  དེ་དག་གི་གྲོགས་

པོ་དང་མནའ་ཡ་སོགས་འབྲོག་ཡུལ་གཞན་དག་ཏུ་ཡོད་པ་དག་ལ་བརྟེན་ནས་ཐག་རིང་ཞིང་འགྲུལ་བཞུད་བྱེད་

དཀའ་བའི་གནས་རྣམས་སུ་སྤོ་སྡོད་བྱས་ཡོད་འདུག་ཅིང་།  དེ་འདྲའི་རིགས་དག་ནི་ལྷག་པར་དུ་ཉེན་ཆེ་བ་ཞིག་

ཏེ།  ཡུལ་ནས་ཐོན་ཟིན་པའི་མི་སྡེ་དེ་དག་ཡུལ་གཞན་ཞིག་ཏུ་སྡོད་གནས་གཏན་ཁེལ་བ་ནས་བཟུང་ལོ་ལྟར་དབྱར་

དུས་སུ་སྔར་གྱི་འཁོན་འགྲས་ཡོད་པའི་ཤོག་ཁག་དེའི་ཐོག་ཏུ་ཏིས་རྩོད་བྱེད་དུ་འགྲོ་ཞིང་།  དེ་དག་གིས་རྒྱུ་ནོར་

འཕྲོག་བཅོམ་བྱེད་པ་མ་ཟད་མི་ཤའི་རྩོད་གཞི་གསར་པའང་མང་དུ་སྤེལ་གྱི་ཡོད་པ་རེད།  འབྲོག་ཡུལ་དུ་ཏིས་རྩོད་

ཀྱི་རིགས་མི་འདྲ་བ་ཆེ་ཕྲ་མང་དུ་ཡོད་འདུག་ནའང་།  འབྲོག་མི་དག་གིས་ཏིས་རྩོད་ཀྱི་འཁོན་གཞི་འཛུགས་པ་ལ་

ཧ་ཅང་འཇིགས་སྣང་དང་དོགས་ཟོན་བྱེད་ཀྱི་ཡོད་འདུག་པ་མ་ཟད།  ཏིས་རྩོད་ནི་གང་བྱུང་བྱུང་དུ་བྱེད་མི་འོས་

པ་དང་།  གལ་ཏེ་ཏིས་རྩོད་ཀྱི་གཞི་འཛུགས་དགོས་བྱུང་ན་དེའི་མཐར་ཐུག་གི་འབྲས་བུ་ཡ་ང་ཞིང་འཇིགས་སུ་

རུང་བ་དང་།  ཏིས་རྩོད་ཀྱི་བྱ་བ་ནི་ཉེས་ཆེ་བ་ཞིག་ཡིན་པར་ཤེས་ཤིང་།  ཏིས་རྩོད་འབྱུང་དགོས་ཀྱིས་ཕན་ཚུན་

རྩོད་གཞི་ཕྲ་མོའི་སྐོར་གནོངས་རང་ལེན་གྱིས་འདུམ་སླ་པོར་ལེན་སྲོལ་ཡོད་པ་རེད།

Back

Search site

© 2012 All rights reserved. No information or images from this website can be copied or used for any purpose without permission from "KonchoK..com

དཀོན་མཆོག་བོད་རང་བཙན་དྲ་ཚིགས།