ཚིག་ཕྲད་བཤད་པ

14/11/2009 10:22

༄༅།།རྣམ་དབྱེ་མ་ཡིན་པའི་ཚིག་ཕྲད་བཤད་པ  

རྫོགས་ཚིག་བཤད་པ། རྗེས་འཇུག་བཅུ་ལ་ཨོ་སྦྱར་བ།། སླར་སྡུད་ཟླ་སྡུད་རྫོགས་ཚིག་སྟེ།། རྗེས་འཇུག་རང་འདྲའི་མཐའ་

ལ་སྦྱར།། ད་དྲག་ཅན་མཐར་ཏོ་ཞེས་འབྲི།། ཞེས་རྗེས་འཇུག་ག་ང་ད་ན་བ་མ་འ་ར་ལ་ས་སྟེ་རྣ་རུ་སྦྱར་བས་གོ་ངོ་དོ་ནོ་

བོ་མོ་འོ་རོ་ལོ་སོ་སྟེ་བཅུ་ནི་སླར་སྡུད་པ་སྟེ་ཟླ་སྡུད་དམ་རྫོགས་ཚིག་ཡིན་པ་ཤེས་པར་བྱ་ལ། ཐོབ་ཐང་ནི་རྗེས་འཇུག་

རང་དང་འདྲ་བའི་མཐའ་ལ་སྦྱར་བ་དང་། ད་དྲག་ཅན་གྱི་མཐའ་ལ་ཏོ་ཞེས་འབྲི་བ་ཡིན་ནོ།། དཔེར་ན། དམག་གོ། ཨ་

ཞང་ངོ་།། བུད་མེད་དོ།། གཉེན་ནོ།། དར་བབ་བོ།། མོ་གཤམ་མོ།། བྱིས་པའོ།། དཀོར་གཉེར་རོ།། ཚོང་འགྲུལ་ལོ།། ཆོས་གྲོགས་

སོ།། ལྟད་མོ་བསྟནད་ཏོ།། གཞུག་ལ་བསྐྱུར་ཏོ།། ཇ་བསྐོལད་ཏོ།། ཞེས་པ་ལྟ་བུའོ།། 

ཚིག་རྒྱན་དང་སྡུད་པ་བཤད་པ། ཀྱང་འང་ཡང་གསུམ་སྡུད་པ་དང་། མཐུན་དང་མི་མཐུན་རྒྱན་གཉིས་སྟོན།། ག་ད་བ་

འི་རྗེས་སུ་ཀྱང་།། ང་ན་མ་འ་ར་ལ་ཡང་།། རྗེས་འཇུག་མེད་མཐར་འང་ངམ་ཡང་།། ཞེས་པ་སྟེ། ཀྱང་འང་དང་ཡང

གསུམ་ནི། སྡུད་པ་དང་། མཐུན་པའི་ཚིག་རྒྱན་དང་། མི་མཐུན་པའི་ཚིག་རྒྱན་གཉིས་ལ་འཇུག་པ་དང་། ཐོབ་ཐང་ནི། རྗེས་འཇུག་ག་ད་བ་ས་བཞིའི་རྗེས་སུ་ཀྱང་ཐོབ་པ་དང་། རྗེས་འཇུག་ང་ན་མ་འ་ར་ལ་རྣམས་ཀྱི་རྗེས་སུ་ཡང་ཐོབ་པ་དང་། རྗེས་འཇུག་མེད་པའི་མཐར་འང་ངམ་ཡང་གང་རུང་ཐོབ་པ་ཡིན་ནོ།།  དཔེར་ན། སྡུད་པ་ལ་འཇུག་པ་ནི། སངས་རྒྱས་ཀྱང་

གང་ཟག་ཡིན། མཁའ་ལའང་འབྱོན། མ་དག་པའི་ཞིང་དུ་ཡང་གཤེགས། ཞེས་པ་ལྟ་བུའོ།།  མཐུན་པའི་རྒྱན་གྱི་དཔེ་བརྗོད།

མཛེས་ཀྱང་མཛེས་ལ་དཔལ་ཡང་འབར། ཞེས་པ་ལྟ་བུ། མི་མཐུན་པའི་རྒྱན་གྱི་དཔེ་བརྗོད། བཏུད་ཀྱང་ཁྲོ་ལ་མཛའ་འང་

སླུ།ཞེས་པ་ལྟ་བུའོ།། 

ལྷག་བཅས་བཤད་པ། སྟེ་ཏེ་དེ་གསུམ་ལྷག་བཅས་ཏེ།། མཚམས་སྦྱོར་དམ་བཅའ་གཞན་འདྲེན་གསུམ།། ད་དེ་ན་ར་

ལ་ས་ཏེ།། ག་ང་བ་མ་འ་རྣམས་དང་།། རྗེས་འཇུག་མེད་མཐར་ས་སྟེ་ཐོབ།། ཅེས་པ་སྟེ། སྟེ་དང་ཏེ་དང་དེ་གསུམ་ནི་ལྷག་

མ་དང་བཅས་པ་སྟོན་པའི་ཕྲད་ཡིན་ལ། དབྱེ་ན་མཚམས་སྦྱོར་བའི་ལྷག་བཅས། དམ་བཅའ་བའི་ལྷག་བཅས། གཞན་

འདྲེན་པའི་ལྷག་བཅས་གསུམ་ཡོད། ཐོབ་ཐང་ནི། རྗེས་འཇུག་དའི་རྗེས་སུ་དེ་ཐོབ་པ་དང་། ན་ར་ལ་ས་རྣམས་ཀྱི་མཐར་

ཏེ་ཐོབ་པ་དང་། ག་ང་བ་མ་འ་རྣམས་དང་རྗེས་འཇུག་མེད་པའི་མཐར་ས་མགོ་ཅན་གྱི་སྟེ་ཐོབ་པ་ཡིན་ནོ།།   དཔེར་ན།

ལྷག་བཅས་མཚམས་སྦྱོར་བ་ལ་འཇུག་པ་ནི། རྡོ་འཕངས་ཏེ་ཕོག ཆུ་བཀག་སྟེ་བཅད། ལུག་དེད་དེ་སོང་། ཞེས་པ་ལྟ་བུའོ།།

དམ་བཅའ་བ་ནི། སྒྲ་ཆོས་ཅན། མི་རྟག་སྟེ། འདུས་བྱས་ཡིན་པའི་ཕྱིར། ཞེས་པ་ལྟ་བུ། གཞན་འདྲེན་པ་ནི། མཁའ་ལ་གློག་

འཁྱུག་སྟེ། ས་ལ་སྨུག་པ་འཐིབས། ཞེས་པ་ལྟ་བུའོ།། 

འབྱེད་སྡུད་བཤད་པ། གམ་སོགས་བཅུ་ནི་འབྱེད་སྡུད་སྒྲ།། རྗེས་འཇུག་རང་འདྲའི་མཐར་སྦྱར་བྱ།། ད་དྲག་ཅན་མཐར་

ཏམ་ཞེས་སྦྱར།། ཐེ་ཚོམ་དྲི་བ་ལ་ཡང་འཇུག། ཅེས་པ་སྟེ། གམ་ངམ་དམ་ནམ་བམ་མམ་འམ་རམ་ལམ་སམ་སྟེ་བཅུ་

ནི་སོ་སོར་འབྱེད་པ་དང་སྡུད་ལ་ལ་འཇུག་པའི་ཕྲད་ཡིན། ཐོབ་ཐང་ནི། རྗེས་འཇུག་རང་དང་འདྲ་བའི་མཐར་སྦྱར་

དགོས་པ་དང། ད་དྲག་ཅན་གྱི་མཐའ་ལ་ཏམ་ཞེས་སྦྱར་བར་བྱ་ལ། འབྱེད་སྡུད་ལས་གཞན་ད་རུང་ཐེ་ཚོམ་དང་དྲི་བ་

ལ་འཇུག་པ་ཡིན་ནོ།།   དཔེར་ན། སྡུད་པ་ལའང་འཇུག་པ། ཤར་རམ། ལྷོའམ། ནུབ་བམ། བྱང་ནི་ཕྱོགས་བཞིའོ།། ཞེས་པ་

ལྟ་བུ། ཐེ་ཚོམ་ལ་འཇུག་པ། འདི་ན་འདྲེ་ཡོད་དམ། མེད་དམ ཐག་མི་ཆོད། ཅེས་པ་ལྟ་བུའོ།། དྲི་བ་ལ་འཇུག་པ། ཁྱོད་

རང་རྒྱའམ། བོད་དམ། སོག་པོ་ཡིན། ཞེས་པ་ལྟ་བུའོ།། 

ནི་སྒྲ་བཤད་པ། ནི་སྒྲ་དགར་དང་བརྣན་པའོ།། ཞེས་པ་སྟེ། མིང་ཚིག་གང་ཡང་རུང་བའི་མཐར་ནི་ཞེས་པ་གསར་དུ་

སྦྱར་བ་དེ་ནི། ལོགས་སུ་དགར་བ་དང་། ནན་ཏན་དུ་བརྣན་པའི་དོན་ལ་འཇུག་པའི་ཚིག་ཏུ་འགྱུར་རོ།། དཔེར་ན། དགར་

བ་ལ་འཇུག་པ། རི་རབ་ནི་གཞན་ལས་མཐོ། ཞེས་པ་ལྟ་བུ། བརྣན་པ་ལ་འཇུག་པ། ཞོན་པ་ནི་རྟ་ཡིན། གཟུགས་ནི་མཐོ།

གོམ་པ་ནི་མགྱོགས། ཞེས་པ་ལྟ་བུའོ། 

དང་སྒྲ་བཤད་པ། དང་ནི་འབྱེད་སྡུད་རྒྱུ་མཚན་དང་།། ཚེ་སྐབས་གདམས་ངག་ལྔ་ལ་འཇུག། ཅེས་པ་སྟེ། དང་ཞེས་པའི་

ཕྲད་ནི་འབྱེད་པ་དང་། སྡུད་པ་དང་། རྒྱུ་མཚན་དང་། ཚེ་སྐབས་དང་། གདམས་ངག་སྟེ་ལྔ་ལ་འཇུག་པ་ཡིན། དཔེར་ན།

དང་སྒྲ་སྡུད་པ་ལ་འཇུག་པ། དུས་ནི་གསུམ་སྟེ། འདས་པ་དང་། ད་ལྟ་བ་དང་། མ་འོངས་པའོ།། ཞེས་པ་ལྟ་བུ། དང་སྒྲ་སྡུད་

པ་ལ་འཇུག་པ། ལྷ་ཡུལ་དང་། མི་ཡུལ་དང་། ཀླུ་ཡུལ་ནི་འཇིག་རྟེན་གསུམ་མོ།། ཞེས་པ་ལྟ་བུ། དང་སྒྲ་རྒྱུ་མཚན་ལ་འཇུག་

པ། འབད་པས་སློབས་དང་མཁས་པར་འགྱུར། ཞེས་པ་ལྟ་བུ། དང་སྒྲ་ཚེ་སྐབས་ལ་འཇུག་པ། ཉི་མ་ཤར་བ་དང་ཁ་ཏོན་

བྱས། ཞེས་པ་ལྟ་བུ། དང་སྒྲ་གདམས་ངག་ལ་འཇུག་པ། དད་པ་བྱོས་དང་ངས་བཤད། ཅེས་པ་ལྟ་བུའོ།། 

དེ་སྒྲ་བཤད་པ། དེ་སྒྲ་ཐ་སྙན་དབང་གིས་གསུམ།། དོན་གྱི་དབང་གིས་འཇུག་པ་བཞི།། དུས་ཀྱི་དབང་གིས་གཉིས་ལ་

འཇུག། ཅེས་པ་སྟེ། དེ་ཞེས་པའི་སྒྲ་ནི་ཐ་སྙད་ཀྱི་དབང་དུ་བྱས་ན་རྣམ་གྲངས་གཞན་ལ་སྦྱོར་བ་དང་། ལྷག་བཅས་དང་།

དུས་འདས་པ་སྟེ་གསུམ་ལ་འཇུག་པ་དང་། དོན་ནམ་དངོས་པོའི་དབང་གིས་བདེན་པ་དང་། གསང་བ་དང་། བདག་གི་

བ་དང་། ཕ་རོལ་པོའི་དངོས་པོ་སྟེ་བཞི་ལ་འཇུག་པ་དང་།  དུས་སྐབས་ཀྱི་དབང་གིས་འདས་པ་དང་མ་འོངས་པ་གཉིས་

ལ་འཇུག་པ་སྟེ་བསྡོམས་པས་དོན་དགུ་ལ་འཇུག་གོ། 

  དཔེར་ན། དོན་དགུར་འཇུག་པ་རིམ་པ་བཞིན། དེ་དཀར་རོ།། དེ་ལ་ཆོས་ཤོད། བཏུད་དེ་ཉན། དེ་དེ་བཞིན་ནོ། དེ་མ་སྟེར།

བདག་གི་གོས་དེ། ཁྱོད་ཀྱི་ནོར་དེ། ཁ་སང་གི་དུས་དེ། རྗེས་མའི་ལོ་དེ། ཞེས་པ་ལྟ་བུའོ།།

སྤྱི་སྒྲ་བཤད་པ། གང་སུ་ཅི་ཇི་སྤྱི་སྒྲ་སྟེ།། གང་ཟག་ལ་ནི་སུ་ཐོབ་ཅིང་།། དྲི་བར་ཅི་དང་དཔེ་ལ་ཇི།། གང་ནི་ཁྱད་མེད་ཀུན་

ལ་འཇུག། ཅེས་པ་སྟེ། གང་དང་སུ་དང་ཅི་དང་ཇི་རྣམས་ནི་བྱེ་བྲག་དམིགས་ཀྱིས་མི་འཛིན་པར་སྤྱི་ཙམ་ཞིག་སྟོན་པའི་

སྒྲའམ་ཕྲད་ཡིན་ལ། འཇུག་ཡུལ་གྱི་དབང་དུ་བཏང་ན་གང་ཟག་ལ་སུ་ཐོབ་པ་དང་། དྲི་བ་བྱེད་པར་ཅི་ཐོབ་པ། དཔེ་ལ་

ཇི་ཐོབ་པ་དང་། གང་ནི་གང་ཟག་དང་དྲི་བ་དང་དཔེ་སོགས་ལ་ཁྱད་པར་མེད་པར་འཇུག་གོ།

དཔེར་ན། འདི་སུ་རེད། རིང་ཐུང་ཅི་ཙམ་ཡོད། སངས་རྒྱས་ཇི་ལྟ་བུ་ཡིན། གང་གི་བུ་ཡིན། མིང་ལ་གང་ཟེར། གང་དང་

རིགས་འདྲ་ཞེས་པ་ལྟ་བུའོ།།

བདག་སྒྲ་བཤད་པ། པ་པོ་བ་བོ་མ་མོ་དང་།། ཅན་ལྡན་རྣམས་ནི་བདག་པོའི་སྒྲ། ག་ད་བ་ས་ན་མ་པ།། ང་འ་ར་ལ་མཐའ་

མེད་བ།། ཞེས་པ་སྟེ། པ་དང་པོ། བ་དང་བོ། མ་དང་མོ། ཅན་ལྡན་རྣམས་ནི་བདག་པོ་གང་ལ་དབང་བའམ་གང་ལ་ལྡན་

པའི་དོན་ལ་འཇུག་པ་ཡིན། ཐོབ་ཐང་ནི། རྗེས་འཇུག་ག་ད་བ་ས་ན་མ་རྣམས་ཀྱི་མཐར་པ་ཐོབ་པ་དང་།   ང་འ་ར་ལ་

མཐའ་མེད་རྣམས་ཀྱི་མཐར་བ་ཐོབ་པ་ཡིན། དཔེར་ན། མཁས་པ། ཕྱུག་པོ། ལྷ་ས་བ། མཛའ་བོ། ཇ་མ། སྲུན་མོ། བློ་ཅན།

འབྱོར་ལྡན། ཞེས་པ་ལྟ་བུའོ།།

དགག་སྒྲ་བཤད་པ། མ་མི་མིན་མེད་དགག་སྒྲ་སྟེ།། མ་མི་གཉིས་པོ་སྔོན་ལ་སྦྱོར།། མིན་མེད་གཉིས་པོ་རྗེས་སུ་སྦྱོར།། ཞེས་

པ་སྟེ། མ་དང་མི། མིན་དང་མེད་ནི་དགག་པའི་སྒྲའམ་ཕྲད་ཡིན་ལ། དེ་ཡང་ལག་ལེན་སྐབས་སུ་མ་དང་མི་གཉིས་ནི་

མིང་གི་ཐོག་མར་སྦྱོར་དགོས་པ་དང་། མིན་དང་མེད་གཉིས་ནི་མིང་གི་རྗེས་སུ་སྦྱོར་དགོས་པ་ཡིན་ཏེ། དཔེར་ན། མ་ཤེས།

མི་འཐུང་། རྐུན་མ་མིན། བདག་པོ་མེད། ཅེས་པ་ལྟ་བུའོ།།  ད་དུང་འདིར་མ་བཀོད་པའི་ཚིག་ཕྲད་ཧ་ཅང་མང་པོ་ཡོད་པ་

གཞན་ལས་རྒྱ་ཆེར་ཤེས་པར་བྱ་ཞིང་། འདིར་སུམ་ཅུ་པའི་ནང་དོན་རགས་བསྡུས་སམ་གཙོ་བོ་འགའ་བརྗོད་པ་དེ་ཙམ་

གྱིས་ཆོག་པར་བྱའོ།།

 

Back

Search site

© 2012 All rights reserved. No information or images from this website can be copied or used for any purpose without permission from "KonchoK..com

དཀོན་མཆོག་བོད་རང་བཙན་དྲ་ཚིགས།