མཆོད་རྟེན་གྱི་ལོ་རྒྱུས་

14/11/2009 10:47

                              མཆོད་རྟེན་གྱི་ལོ་རྒྱུས་བཤད་པ།

མཆོད་རྟེན་ཞེས་པའི་ཐ་སྙད་ནི་གསུང་ལེགས་སྦྱར་སྐད་ཀྱི་སྟས་ཞེས་པ་ལས་འགྱུར་བ་སྟེ་མཆོད་པའི་ཞིང་ངམ་རྟེན་

གྱི་དོན་ཡིན་པར་གསུངས་སོ།།སྤྱིར་སྣོད་ཀྱི་འཇིག་རྟེན་འདི་ཉིད་ཀྱང་རང་བཞིན་ལྷུན་གྱིས་གྲུབ་པའི་མཆོད་རྟེན་གྱི་

རང་བཞིན་ཡིན་པར་གསུངས་ཏེ།དུས་འཁོར་ལས། རླུང་དང༌། མེ་དང༌། ཆུ་དང༌།ས་བཅས་ཀྱི་དཀྱིལ་འཁོར་བཞི་པོ་ནི་

མཆོད་རྟེན་གྱི་བང་རིམ་དང༌། རི་རབ་བུམ་པ་དང༌།རི་རབ་ཀྱི་མགྲིན་པ་མན་བྲེ་དང༌། དེ་ཡན་ཆོས་འཁོར་ཆར་ཁེབས་

ཀྱི་རྣམ་པར་གསུངས་ཤིང༌།རྡོ་རྗེ་བཀོད་པའི་རྒྱུད་ལས་ཀྱང༌། འདོད་ཁམས་དབང་གི་རི་བོ་ལ།།གཟུགས་ཁམས་བང་

རིམ་ཁྲི་འཕང་ཅན། །གཟུགས་མེད་བུམ་རྟེན་བུམ་པ་བཅས།།ཞེས་དུས་འཁོར་དང་མཐུན་པར་སྣང་ངོ༌།དེ་ནས་ཕྱོགས་

བཞི་བླ་ན་མེད་པའི་མཆོད་རྟེན་བཞི་ཡོད་པའི་བཞེད་ཚུལ་ལ།ཐིག་ལས་དབང་གི་རྒྱུད་ཅེས་པ་ལས། ཚད་མེད་བསམ་

ཡས་ལས་བྱུང་འབྲས།།ཤར་དུ་བྱམས་པ་རྡོ་རྗེ་བརྩེགས། །ལྷོ་རུ་སྙིང་རྗེ་རིན་ཆེན་བརྩེགས།།ནུབ་ཏུ་དགའ་བ་པདྨ་

བརྩེགས། །བྱང་དུ་བཏང་སྙོམས་རྒྱ་གྲམ་བརྩེགས།།རང་བྱུང་རིན་ཆེན་སྣང་བའོ། །ཞེས་གསུངས་པ་དང༌།བྱིན་རླབས་སྐུ་

གདུང་ཆ་བརྒྱད་གླིང་བཞིར་ཡོད་ཚུལ་གསུངས་པའང་སྣང་སྟེ།འཁོར་ལོ་འབྱུང་བའི་རྒྱུད་ལས། ཤར་ལུས་འཕགས་

གླིང་ན་བྱིན་ལྡན་སྙོམས་གཏེར་དང༌།མཐར་ལེགས་གཡུང་དྲུང་ཏོག་གཉིས། ལྷོ་འཛམ་བུ་གླིང་ན་ཐུགས་རྗེའི་སྤྲུལ་

བ་དང༌།ཡིད་བཞིན་ལྷུན་གྲུབ་གཉིས། ནུབ་བ་ལང་སྤྱོད་ན་དཔེ་མེད་བསམ་འདས་དང༌།རྨད་གྲགས་ཆོས་དབྱིངས།

བྱང་སྒྲ་མི་སྙན་ན་ཡོན་ཏན་རིན་ཆེན་བརྩེགས་དང༌།ཁམས་གསུམ་བདེ་རྒྱས་སྒྲོན་མེའི་མཆོད་རྟེན་གཉིས་བཅས་

བཞུགས་པར་གསུངས་པ་དང༌།ཡང་ཧེ་རུ་ཀས་དྲག་པོ་ཆེན་པོ་བཏུལ་བའི་ཚེ་ཡུལ་བརྒྱད་ཀྱི་དུར་ཁྲོད་དུ།མ་མོ་བརྒྱད་

ཀྱི་དངོས་གྲུབ་འབྱུང་བའི་མཆོད་རྟེན་བརྒྱད་བྱུང་བར་གསུངས་ཏེ།བདུད་རྩི་མཆོག་གི་རྒྱུད་ལས། རོ་ཡི་སྲུང་མ་ཆེན་

མོ་ནི། །མ་མོ་ཆེན་མོ་བརྒྱད་བཞག་གོ།ཅེས་པ་སྟེ། མ་ག་ལྟར་བདེ་བྱེད་དང༌། སིང་ག་ལར་རི་བོ་ཏཱ་ལ་དང༌། བལ་བོར་བྱ་

ཁྲི་ཁ་ཤོར།སེང་གེའི་གླིང་དུ་གེའུ་དོན་ན། ལི་ཡུལ་དུ་གོ་མ་ས་ལ་གན་ལྟ། ཁ་ཆེར་ཀ་ན་ཀཟ་ཧོར་དུ་བདེ་སྐྱིད་གཞོན་

ནུའི་མཆོད་རྟེན་བཅས་དངོས་གྲུབ་འབྱུང་བའི་མཆོད་རྟེན་བརྒྱད་ཡོད་པར་གསུངས་སོ།།གཞན་ཡང་ཉན་ཐོས་དང༌།

རང་རྒྱལ་དང་ཐེག་པ་ཆེན་པོ་གསུམ་གྱི་མཆོད་རྟེན་གྱི་བཀོད་པ་སོགས་མི་འདྲ་བ་བཞུགས་པ་དང༌།ཐེག་ཆེན་གྱི་

ལུགས་ལའང༌། མགོན་པོ་ཀླུ་སྒྲུབ་ཀྱིས། ལྷུང་བཟེད་སྦུབ་པ་ལྟ་བུ་དང༌།ཁང་བཟང་ལྟ་བུ་དང་རྒྱལ་མཚན་ལྟ་བུ་སོགས་

ཀྱི་མཆོད་རྟེན་བརྒྱད་བཞུགས་ཚུལ་གསུངས་པ་དང༌།ཡང་སངས་རྒྱས་དང་སོ་སྐྱེས་ཀྱི་མཆོད་རྟེན་མི་འདྲ་བ་དང༌།

སྔགས་ཀྱི་རྒྱུད་སྡེ་སོ་སོའི་མཆོད་རྟེན་མི་འདྲ་བ་ཤིན་ཏུ་མང་པོ་བྱུང་བར་གསུངས་ཀྱང༌།འདིར་མདོ་ཙམ་ལས་ཞིབ་

ཏུ་མ་སྨྲས་སོ།།ཡང་སྟས་ཞེས་པའི་ཐ་སྙད་འདི་དྲན་གསོའི་རྟེན་དང་བང་སོ་གཉིས་ཀར་འཇུག་ཅིང་སྔོན་བསྐལ་པ་དུ་

མ་ནས་འཕགས་ཡུལ་སོགས་སུ་ཡོད་ཚུལ་ཡང་ཡོད་དེ་ཨསྟུ་ཀ་ཡའི་དཔལ་ལྡན་འབྲས་སྤུངས་ཀྱི་མཆོད་རྟེན་གྱི་ལོ་རྒྱུས་

ལས།མཆོད་རྟེན་འདི་བཅོམ་ལྡན་འདས་གསེར་ཐུབ་ཀྱི་བསྟན་པ་ལ་གྲུབ་པ་ཐོབ་པའི་རྣལ་འབྱོར་པ་ཞིག་གིས།ཉིན་ལམ་

བཅུ་གཉིས་ཀྱི་ས་ལ་འབྲས་སོ་བའི་ཆར་པ་གྱང་རིམ་གསུམ་ཙམ་རེ་ཕབ་པའི་ཕུད་ལ་ལྷ་དང༌།མི་དང༌། ཁྱབ་འཇུག་དང༌།

མགོན་པོ་བདུན་ཅུ་རྩ་ལྔ་སོགས་ཀྱིས་བཞེངས་པར་གྲགས་ཤིང་ཕྱི་ནང་ཐུན་མོང་གི་མཆོད་གནས་གྱུར་པ་དེ་སོགས་

སྟོན་པ་སངས་རྒྱས་ཤཱཀྱ་ཐུབ་པ་ཞིང་འདིར་མ་བྱོན་སྔོན་ནས་ཡོད་པར་བཤད་དོ།།
འཕགས་ཡུལ་དུ་མཆོད་རྟེན་ཐོག་མར་དར་ཚུལ།
   སངས་རྒྱས་བཅོམ་ལྡན་འདས་ལུམ་བུ་ནའི་ཚལ་དུ་ངོ་མཚར་བའི་མཚན་མ་བྱེ་མ་སྙེད་དང་བཅས་པ་སྐུ་བལྟམས་

པ་སོགས།ཞིང་འདིའི་མཛད་པ་གཙོ་བོ་གང་བསྟན་པའི་སར།དེ་མཚོན་པའི་མཚན་མ་དང་བཅས་པའི་མཆོད་རྟེན་

ཇི་ལྟར་བཞེངས་པའི་ཚུལ་ལ།ལས་ཀྱི་མཐའ་བརྗོད་པའི་མདོ་ལས། སྤྲུལ་པས་མཛད་པ་སྔོན་བསྟན་ཕྱིར།།མཆོད་རྟེན་

བརྒྱད་དུ་སྐུ་གདུང་བཞག །ཅེས་གསུངས་པ་ལྟར་སྤྱིན་བདག་སྐལ་ལྡན་རྣམས་ཀྱིས།སྟོན་པའི་མཛད་པ་ཁྱད་པར་ཅན་

རེ་བསྟན་པའི་སར་དེས་འབྲེལ་བརྡ་ཁྱད་ཅན་གྱི་རྗེས་སུ་དྲན་པའི་རྟེན་ནམ་མཆོད་པར་བྱ་ཡུལ་གྱི་རྟེན་ཡང་ཁྱད་

པར་ཅན་རེ་བརྩེགས་པ་དེ་དག་ལ་སླར་ཡང་མཆོད་རྟེན་ཞེས་པའི་ཐ་སྙད་ཆགས་ཤིང་ཡོངས་སུ་གྲགས་པར་གྱུར་

ཅིང༌།མཆོད་རྟེན་བརྒྱད་པོ་ཇི་ལྟར་བྱུང་བའི་ཚུལ་ནི། དང་པོ་སྔོན་རྒྱ་གར་འཕགས་པའི་ཡུལ་དུ།སྟོན་པ་སངས་རྒྱས་

ཤཱཀྱ་ཐུབ་པ་སྐུ་བལྟམས་པའི་གནས་མཆོག་གྲོང་ཁྱེར་སེར་སྐྱའི་ལུམ་བི་ན་ཡི་ཚལ་དུ་ཡབ་རྒྱལ་པོ་ཟས་གཙང་གིས་

སྦྱིན་བདག་མཛད་དེ་བཞེངས་པའི་པདྨ་སྤུངས་པའི་མཆོད་རྟེན་ནམ་བཀྲ་ཤིས་འབྱུང་བའི་མཆོད་རྟེན་བསྟན་པ་

འདིའི་རྟེན་གྱི་ཐོག་མར་གྲགས་པ་དེ་དང༌།གཉིས་པ་སྟོན་པ་བྱང་ཆུབ་མངོན་དུ་མཛད་པའི་གནས་ཆེན་རྡོ་རྗེའི་

གདན་དུ་རྒྱལ་པོ་གཟུགས་ཅན་སྙིང་པོས་སྦྱིན་བདག་མཛད་དེ་བཞེངས་པའི་བྱང་ཆུབ་ཆེན་པོའི་མཆོད་རྟེན།གསུམ་

པ་སྟོན་པས་ཝ་ར་ཎ་སིར་ཀུན་ཤེས་ཀོཎད་མ་སོགས་ལ་བདེན་པ་བཞིའི་ཆོས་ཀྱི་འཁོར་ལོ་ཐོག་མར་བསྐོར་བའི་སར་

ཁོང་རྣམས་ཀྱིས་སྦྱིན་བདག་མཛད་དེ་བཞེངས་པའི་བཀྲ་ཤིས་སྒོ་མང་མཆོད་རྟེན།བཞི་པ་སྟོན་པ་མཉེན་ཡོད་ཛི་ཏཱའི་

ཚལ་དུ་ཆོ་འཕྲུལ་ཆེན་པོ་བསྟན་ཏེ་ལོག་པར་སྨྲ་བའི་མུ་སྟེགས་ཀྱི་སྟོན་པ་དྲུག་སྟེ་རྫོགས་བྱེད་དང༌།ཕྱུག་ལྷས་ཀྱི་བུ་

མ་སྐ་རི་དང༌། རྣམ་པར་སྨྲ་བའི་བུ་མོའི་བུ་ཀུན་ནས་རྒྱལ་བ་དང༌།སྐྲི་ལ་བ་ཅན་མི་ཕམ་པ།ཀཱ་ཏ་ཡ་ནའི་ནོག་ཅན་

གཉེན་གྱི་གཅེར་བུ་བཅས་ཚར་བཅད་ཅིང་ཕམ་པར་བྱེད་པའི་ཡུལ་དེར།ལི་ཙཱ་བི་རྣམས་ཀྱིས་སྦྱིན་བདག་བྱས་ཏེ་

བཞེངས་པའི་ཆོ་འཕྲུལ་ཆེན་པོའི་མཆོད་རྟེན།ལྔ་པ་སྟོན་པ་སུམ་རྩེན་དུ་དབྱར་གནས་མཛད་དེ་སྔ་དྲོ་དགག་དབྱེ་

མཛད།ཕྱི་དྲོ་འཛམ་བུ་གླིང་དུ་ཕེབས་པ་མཛད་པའི་ཚེ་དཔལ་ལྡན་པ་རྣམས་ཀྱིས་བཞེངས་པའི་ལྷ་བབས་མཆོད་

རྟེན།དྲུག་པ་རྒྱལ་པོའི་ཁབ་ཏུ་ལྷས་སྦྱིན་གྱིས་དགེ་འདུན་རྣམས་དབྱེན་བྱས་ནས་མཆོག་ཟུང་གིས་འདུམ་པའི་ཚེ་

རྒྱལ་བྱེད་སོགས་མ་གྲ་རུ་ལྟ་པས་བཞེངས་པའི་དབྱེན་འདུམ་མཆོད་རྟེན།བྱམས་དངོས་མཆོད་རྟེན་དང་འོད་

ཟེར་མཆོད་རྟེན་ཡང་ཟེར བདུན་པ་སྟོན་པས་ཡངས་པ་ཅན་དུ་སྐུ་ཚེའི་འདུ་བྱེད་དུ་ཟླ་བ་གསུམ་དུ་བྱིན་གྱིས་

བརླབས་པའི་ཚེ་གྲོང་ཁྱེར་པ་རྣམས་ཀྱིས་བཞེངས་པའི་རྣམ་པར་རྒྱལ་བའི་མཆོད་རྟེན།བརྒྱད་པ་རྩྭ་མཆོག་གྲོང་དུ་

དགོངས་པ་མྱ་ངན་ལས་འདས་པའི་ཚེ་ཡུལ་མི་རྣམས་ཀྱིས་བཞེངས་པའི་མྱ་ངན་འདས་པའི་མཆོད་རྟེན་བཅས་

མཆོད་རྟེན་བརྒྱད་དུ་གྲགས་པ་རྣམས་ཏེ།སྟོན་པ་མྱ་ངན་ལས་འདས་རྗེས་སངས་རྒྱས་ཀྱི་རིལ་བསྲེལ་དང་འཕེལ་

གདུང་རྣམས་ཕྱོགས་དང་ཕྱོགས་མཚམས་སུ་དྲངས་ཏེ།དེ་དག་བཞུགས་པའི་མཆོད་རྟེན་དབྱིབས་དང་རྣམ་པ་སྣ་

ཚོགས་བགྲངས་ལས་འདས་པ་ཞིག་བཞེངས་སོ།།
བོད་ཡུལ་དུ་མཆོད་རྟེན་དར་ཚུལ། 
  
ད་ནི་བོད་གངས་ཅན་གྱི་ལྗོངས་སུ་ཇི་ལྟར་བྱུང་བ་མདོ་ཙམ་བཤད་པར་བྱ་སྟེ།རང་རེ་བོད་དུ་དམ་པ་ཆོས་ཀྱི་དབུ་

མ་བརྙེས་གོང་ནས་མཆོད་རྟེན་ཡོད་པར་སེམས་ཏེ།གནའ་རབས་སུ་བོན་གྱི་ཆོས་ལུགས་དར་བ་ནས་བཟུང༌། བཙན་

དང༌།ཡུལ་ལྷ་གཞི་བདག་གི་མཆོད་ཡུལ་གྱི་རྟེན་མཁར་ཞེས་པ།དེང་སང་ཡང་དེ་ཡི་རྒྱུན་མ་ནུབ་པར་བོད་ཁམས་

ཀུན་ཏུ་མཐོང་རྒྱུ་ཡོད་པ་དེ།མིང་འདོགས་ཚུལ་གྱི་ཁྱད་པར་ཙམ་ལས། དེའི་དགོས་པ་དང་དོན་ཕྱོགས་མཚུངས་སུ་

མཐོང་ངོ༌།དེ་ནས་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོའི་རྣམ་འཕྲུལ་དུ་གྲགས་པའི་སྤྲུལ་པའི་རྒྱལ་པོ་ལྷ་ཐོ་ཐོ་

རི་གཉན་བཙན་དེ་ཉིད་དགུང་ལོ་དྲུག་ཅུ་བཞེངས་པའི་སྐབས།གསེར་གྱི་མཆོད་རྟེན་མུ་དྲའི་ཕྱག་རྒྱ་སོགས་ནམ་

མཁའ་ནས་བབ་པའམ།ཡང་ན་ལོ་ཙཱ་བ་ལི་ཐེ་སེས་ཕུལ་བ་གང་ལྟར་ཡང་སྐབས་དེར་བོད་དུ་ནང་པ་སངས་རྒྱས་པའི་

མཆོད་རྟེན་ཐོག་མར་བྱུང་བ་མངོན།ཆོས་རྒྱལ་སྲོང་བཙན་སྒམ་པོའི་དུས་སུ་དམ་པའི་ཆོས་ཀྱི་སྲོལ་རྒྱ་ཆེར་གཏོད།ལྷ་

ས་དམར་པོ་རིའི་སྟེང་དུ་མཆོད་རྟེན་དཀར་པོ་དང༌།མཐའ་འདུལ་དང་ཡང་འདུལ་གྱི་ལྷ་ཁང་བརྒྱ་རྩ་བརྒྱད་ཀྱི་ཐོག་

མ་ཁྲ་འབྲུག་བྱམས་པ་མི་འགྱུར་གྱི་གཙུག་ལག་ཁང་དུ་ལྷ་ཁང་མ་བཞེངས་སྔོན་ཀླུ་གདུག་པ་ཅན་སྦྲུལ་མགོ་ལྔ་དང་

ལྡན་པ་ཞིག་བསྒྲལ་བའི་དོན་དུ་མཆོད་རྟེན་རྩེ་ལྔ་པ་བཞེངས།འོ་ཐང་མཚོའི་ཀླུའི་ཕོ་བྲང་གི་ལྷོ་ནུབ་ཏུ་ཙན་དན་གྱི་

རུན་སྲང་ཡོད་པར་མཆོད་རྟེན་ཀེ་རུ་བརྩིགས།ར་ས་འཕྲུལ་སྣང་གཙུག་ལག་ཁང་དུ་མཛད་པ་བཅུ་གཉིས་དང་ཁྲོ་བོ་

རྨེ་བརྩེགས་ཀྱི་རྒྱབ་ན་ཆོས་ཀྱི་རྒྱལ་པོ་རང་ཉིད་ཀྱི་ཕྱག་བཟོ་མཆོད་རྟེན་བརྒྱད་སོགས་བོད་ཁམས་ཀུན་ཏུ་མཆོད་རྟེན་

མང་པོ་བཞེངས།ཁྲི་སྲོང་ལྡེའུ་བཙན་གྱི་དུས་སུ།སློབ་དཔོན་པདྨ་འབྱུང་གནས་བསམ་ཡས་སུ་ཐོག་མར་གདན་དྲངས་

པའི་དུས་སུ་ཟུར་མཁར་རྡོའི་མཆོད་རྟེན་ནམ་ངོ་མཚར་རྡོའི་མཆོད་རྟེན་ལྔ་དང༌།བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་

པའི་གཙུག་ལག་ཁང་གི་ཕྱོགས་བཞི་རུ་སྣ་ནམ་རྒྱལ་ཚ་ལྷ་སྣང་དང༌།མཆིམས་རྡོ་རྗེ་སྤྲེལ་ཆུང་སོགས་ཀྱིས་ལས་དཔོན་

བྱས་ཏེ་མཆོད་རྟེན་དཀར་པོ་བྱང་ཆུབ་ཆེན་པོ་ཉན་ཐོས་ཀྱི་ལུགས་དང༌།མཆོད་རྟེན་དམར་པོ་ཆོས་ཀྱི་འཁོར་ལོ་

པདྨས་བརྒྱན་པ་བྱང་ཆུབ་སེམས་དཔའི་ལུགས།མཆོད་རྟེན་ནག་པོ་དེ་བཞིན་གཤེགས་པའི་སྐུ་གདུང་གིས་བརྒྱན་པ་

སངས་རྒྱས་ཀྱི་ལུགས།མཆོད་རྟེན་སྔོན་པོ་དཔལ་ལྷ་ལས་བབས་པ་དེ་བཞིན་གཤེགས་པའི་ལུགས་སྒོ་མང་བཅུ་དྲུག་

གིས་བརྒྱན་པ་དང༌།མཆོད་རྟེན་འོད་འབར་བ་དང༌།ཕྱི་ལྕགས་རིའི་སྟེང་དུ་སངས་རྒྱས་ཀྱི་རིང་བསྲེལ་རེ་བཞུགས་པའི་

མཆོད་རྟེན་བརྒྱ་རྩ་བརྒྱད་སོགས་བཞེངས།ཁྲི་གཙུག་ལྡེ་བཙན་རལ་བ་ཅན་གྱི་དུས་སུ་བཙན་པོའི་ཐུགས་དམ་གྱི་རྟེན་

དུ་འུ་ཤང་རྡོ་དཔེ་མེད་བཀྲ་ཤིས་དགེ་འཕེལ་གྱི་གཙུག་ལག་ཁང་བཞེངས་པའི་ཡང་ཕུད་ཀྱི་ཡེར་པར་མཆོད་རྟེན་

བཞེངས་པ་དང༌།དེའི་གཙང་ཁང་དགུ་ཐོག་གི་ཡང་རྩེའི་རྒྱ་ཕིབས་རླུང་གིས་བསྐྱོད་པ་ན་མཁའ་ལ་གདུགས་ལྟར་དུ་

འཁོར་བ་དེ་ལྕགས་ཐག་གིས་ཟུར་བཞི་ནས་མཆོད་རྟེན་ཆེན་པོ་བཞིའི་ངོས་སུ་བཏགས།ལྷ་ལུང་དཔལ་རྡོར་གྱིས་ཡེར་

པ་ལྷ་རི་སྙིང་པོར་ས་དཔྱད་མཛད་དེ་མཆོད་རྟེན་ཆེན་མོ་བཞེངས་པ་དང༌།ལོ་ཙཱ་བ་སྐ་ཅོག་ཞང་གསུམ་མྱ་མན་ལས་

འདས་པའི་སྐུ་གདུང་གི་མཆོད་རྟེན་ཧས་པོ་རིར་བརྩིགས་པ་སོགས།མཆོད་རྟེན་མང་དུ་བཞེངས་པ་ཡིན་ལ།མདོར་ན་

དེ་ཡན་ཆད་བསྟན་པ་སྔ་དར་གྱི་དུས་སུ་བོད་དུ་གཙུག་ལག་ཁང་སྟོང་རྩ་བརྒྱད་བཞེངས་པ་གསུངས་ལ་གཙུག་ལག་

ཁང་རེའི་ནང་དུ་སྐུ་གསུང་ཐུགས་ཀྱི་རྟེན་རེ་མི་བཞུགས་མི་སྲིད་མོད།མཆོད་རྟེན་བགྲངས་ལས་འདས་པ་ཞིག་བཞེངས་

མྱོང་བ་ནི་རིག་པས་དཔྱད་ན་ཤེས་པར་འགྱུར་རོ།
    གླང་དར་གྱིས་བསྟན་པ་བསྣུབས་ནས་བོད་དབུས་སུ་རྟེན་གསུམ་གྱི་བཟོ་རྒྱུན་ཕལ་ཆེར་ཆད་པའི་སྐབས།བླ་ཆེན་

དགོངས་པ་རབ་གསལ་གྱིས་མདོ་སྨད་རི་བོ་ཏན་ཏིག་ཏུ་ལྷ་ཁང་དང་མཆོད་རྟེན་མང་པོ་བཞེངས།ཚོན་རྩི་ཡང་ཡུལ་

དེར་བྱུང༌།བཟོ་ཡང་རང་ཉིད་ཀྱིས་མཛད་ཅེས་དེབ་སྔོན་ལས་གསལ་བས།སྐབས་དེར་མདོ་ཁམས་སུ་རྟེན་གསུམ་

བཞེངས་པའི་བཟོ་རྒྱུན་མ་ཆད་པར་མངོན་ནོ།།དེ་ནས་བླ་ཆེན་གྱིས་དབུས་གཙང་གི་སློབ་མ་བཅུས་དཀའ་སྤྱད་དང་

མངའ་བདག་ཡབ་སྲས་ཀྱིས་རོགས་རམ་ལ་བརྟེན་ནས་དབུས་གཙང་དུ་གཙུག་ལག་གི་བཟོ་སྐྲུན་དང་རྟེན་གསུམ་གྱི་

བཟོ་སྐྱར་གསོའི་འགོ་ཚུགས།དུས་རབས་བཅུ་གཅིག་པའི་འགོར་ལྷ་བླ་མ་བྱང་ཆུབ་འོད་ཀྱིས་ཇོ་བོ་རྗེ་གདན་དྲངས་

ཏེ།སྟོན་པ་མྱ་ངན་ལས་འདས་རྗེས་སུ་ཆོས་རྒྱལ་མྱ་ངན་མེད་ཀྱིས་རྒྱ་གར་ཤར་ལི་དང་ནུབ་ལི་ལས་བསྒྲུབས་པའི་པད་

སྤུངས་དང་རྣམ་རྒྱལ་མཆོད་རྟེན་ཐོག་བརྩེགས་ལས་བརྒལ་བ་དུ་མས་གཙོས་ཆེ་ཆུང་རྣམ་པ་ཤིན་ཏུ་མང་པོ་བོད་

ཡུལ་དུ་སྤྱན་དྲངས་པར་ཕྱིས་བཀའ་གདམས་མཆོད་རྟེན་ཏུ་གྲགས།དེ་རྗེས་སྙེ་ཐང་སྒྲོལ་མའི་ལྷ་ཁང་དུ་ཇོ་བོ་རྗེའི་

ཆོས་གོས་སོགས་བཞུགས་པའི་སའི་མཆོད་རྟེན་དང༌།ས་སྐྱ་གོང་མ་དབང་བརྩོན་གྱི་དུས་ལྷ་ཁང་ཆེན་མོའི་གཙང་

ཁང་བྱང་མའི་ནང་བཞེངས་པའི་སའི་མཆོད་རྟེན་ཁག་ས་སྐྱའི་གདུང་བརྒྱུད་མ་ཡིན་པའི་བླ་མ་རྣམས་ཀྱི་གདུང་

རྟེན་དྲུག་པོ་དང༌།དུས་རབས་བཅུ་གཅིག་པའི་མཇུག་ཏུ་ས་སྐྱའི་དགོན་དུ་རི་ལོ་ཙཱ་བས་འཁོན་དཀོན་མཆོག་རྒྱལ་

པོའི་སྐུ་གདུང་རིལ་པོ་བཞུགས་པའི་སྐུ་འབུམ་རྣམ་རྒྱལ་མཆོད་རྟེན་དང༌།དེའི་རྗེས་སུ་ས་པཎ་ཀུན་དགའ་རྒྱལ་མཚན་

གྱིས་ར་ས་འཕྲུལ་སྣང་གི་གཙུག་ལག་ཁང་དུ་བརྟག་པ་བཞེངས་པའི་མཆོད་རྟེན་ཆོས་རྒྱལ་གྱི་ཕྱག་ཚྭ་བཞུགས་པའི་

མཆོད་རྟེན་དང༌།ས་སྐྱའི་གདུང་རབས་རིམ་བྱོན་དང་སོག་པོའི་གོང་མ་མཆོད་ཡོན་དུ་འབྲེལ་བ་ལ་བརྟེན་ནས།པེ་

ཅིང་དང༌།ཧང་ཀྲུའུ།བཀྲ་ཤིས་ཁྲི་སྒོ་སོགས་རྒྱ་ནག་གི་ཡུལ་གྲུ་དུ་མར།ཀྲུང་གོའི་མཛེས་རྩལ་གྱི་ལོ་རྒྱུས་ཐོག་བླ་མ་ཐཱ་

སྟེ་བླ་མའི་མཆོད་རྟེན་ཞེས་ཡོངས་སུ་གྲགས་པའི་བོད་ལུགས་ཀྱི་མཆོད་རྟེན་བཞེངས་པའི་སྲོལ་ཚུགས།དུས་རབས་

བཅུ་བཞི་པར་བུ་སྟོན་ཐམས་ཅད་མཁྱེན་པས་བཀའ་མདོ་སྡེའི་མཆོད་རྟེན་གྱི་ཆ་ཚད་གཞིར་མཛད་ནས་བོད་རང་

ཉིད་ཀྱི་ཁྱད་ཆོས་མཛེས་ཆ་དང་བཅས་པའི་མཆོད་རྟེན་གྱི་ཆ་ཚད་སླར་ཡང་གཏན་ལ་ཕབ་པར་མཛད་ཅིང་ཆོས་

རྗེ་རང་ཉིད་ཀྱིས་ཞལ་བཀོད་ལྟར།ཞ་ལུ་རི་སྦུག་ཏུ།སྐུ་འབུམ་མཐོང་གྲོལ་ཆེན་མོ་ཞེས་ཕྱོགས་ཐམས་ཅད་དུ་ཆོ་འཕྲུལ་

ཆེན་པོ་སོགས་མཆོད་རྟེན་བཅུས་བསྐོར་བ་བཞེངས།མན་ལུང་གུ་རུ་ཞེས་པ་ཨསྟུ་ཀ་ཡར་དངོས་སུ་བྱོན་ནས་གསུངས་

པའི་དཔལ་ལྡན་འབྲས་སྤུངས་ཀྱི་མཆོད་རྟེན་གྱི་རྣམ་པ་བུ་སྟོན་རིན་པོ་ཆེས་ཐང་སྐུར་བྲིས་པར་དཔལ་ལྡན་འབྲས་

སྤུངས་ཀྱི་མཆོད་རྟེན་བུ་ལུགས་སུ་གྲགས།དེ་ནས་རིམ་བཞིན་སྟག་ཚང་ལོ་ཙཱ་བ་དང༌།སྤྲུལ་སྐུ་འཕྲེང་ཁ་བ།སྨིན་གླིང་

ལོ་ཆེན་སོགས་མཁས་གྲུབ་ཀྱི་སློབ་དཔོན་དུ་མས་མཆོད་རྟེན་གྱི་ཆ་ཚད་དང་དེའི་འགྲེལ་པ་སོགས་མང་དུ་མཛད་

ཀྱང་བུ་སྟོན་གྱིས་མཛད་པའི་མཆོད་རྟེན་གྱི་ཆ་ཚད་དང་ཁྱད་པར་ཆེར་མ་བྱུང་བར་བཤད་དོ།།ཕྱིས་སུ་སྡེ་སྲིད་

སངས་རྒྱས་རྒྱ་མཚོས།མདོ་རྒྱུད་ཀྱི་དགོངས་འགྲེལ་ལ་གཞིར་བྱས།བུ་སྟོན་ཐམས་ཅད་མཁྱེན་པའི་ཆ་ཚད་ལ་ཡང་མི་

མཛེས་པ་ཅུང་ཡོད་པར་དགོངས་ནས་བཟོ་བཅོས་ཕྲན་བུ་མཛད་དེ།རབ་བྱུང་བཅུ་གཉིས་པའི་ལྕགས་རྟ་ལོ་སྤྱི་ལོ

༦༩༧ནས་འགོ་བཙུགས་ཏེ་རྒྱལ་དབང་ལྔ་པའི་སྐུ་གདུང་ཧྲིལ་པོ་བཞུགས་གནས་གཙོ་བོར་དམིགས་ཏེ་སྙན་པ་

འཛམ་གླིང་དུ་ཁྱབ་པའི་གསེར་གདུང་རིན་པོ་ཆེ་འཛམ་གླིང་རྒྱན་གཅིག་ཅེས་གསེར་སྦྱང་བཙོ་མ་རྒྱ་ཐུར་གྱི་སྲང་

ཆིག་འབུམ་ཆིག་ཁྲི་དགུ་སྟོང་ཉིས་བརྒྱ་བརྒྱད་ཅུ་གྱ་གཉིས་དང་འཕྲ་རྒྱན་གྱི་རིན་ཐང་བོད་དངུལ་སྲང་བརྒྱད་ཁྲི་

སྟོང་མེད་བརྒྱ་དང་བཅུ་མེད་བཞི་བཅས་ལ་དངུལ་སྲང་ས་ཡ་གཅིག་དང་བཞི་ཁྲི་ཆིག་སྟོང་བརྒྱད་བརྒྱ་ཉི་ཤུ་རྩ་

བརྒྱད་ཀྱི་རིན་ཐང་དང་ལྡན་པ།བཟོ་བཀོད་ཁྱད་འཕགས་ངོ་མཚར་གྱི་ཁྱད་ཆོས་བཅུ་གསུམ་དང་ལྡན་པ།དེའི་

ནང་བཞུགས་དང༌།མཆོད་པའི་རྫས་དང༌།ཡོ་བྱད་སོགས་ཀྱི་རིན་ཐང་ནི་སུས་ཀྱང་གཞལ་དུ་མེད་པ་མཆོད་སྡོངས་

འཛམ་གླིང་རྒྱན་གཅིག་རྟེན་གཙུག་ལག་ཁང་དང་བཅས་པའི་དཀར་ཆག་ཐར་གླིང་རྒྱ་མཚོར་བགྲོད་པའི་གྲུ་

རྫིངས་བྱིན་རླབས་ཀྱི་བང་མཛོད་ལས་གསལ་བ་བཞིན།འཛམ་གླིང་གི་རྒྱན་ལྟ་བུ་མཚན་སྙན་དོན་ལ་གནས་པ་

དེ་བཞེངས་ཤིང༌།དེའི་ཆ་ཚད་ནི་ད་ལྟར་སྡེ་སྲིད་ཀྱི་ལུགས་ཞེས་བོས་ཁམས་ཀུན་ཏུ་ཡོངས་སུ་གྲགས་པ་དེ་ཡིན་ནོ།

།དེ་ལྟ་བུ་ངོ་མཚར་བརྒྱ་དང་ལྡན་པའི་གདུང་རྟེན་ནི་ཤིན་ཏུ་མང་སྟེ།སྐུ་འབུམ་བྱམས་པ་གླིང་དུ་རྗེ་བཙུན་ཙོང་ཁ་

པ་ཆེན་པོ་སྐུ་འཁྲུངས་ནས་ལྟེ་བ་བཅད་པའི་རཀཏའི་བདུད་རྩི་ས་ལ་འཕོས་པ་ལས་ཙན་དན་གྱི་ལྗོན་པ་འཁྲུངས་

པ་ལ་གདུལ་བྱའི་སྣང་ངོར་ལྗོན་ཤིང་གི་རྣམ་པར་འཕྲུལ་བ་དེར་ལོ་འདབ་འབུམ་ཡོངས་སུ་རྫོགས་པར་སྐྱེས་ཤིང༌།

ལོ་མ་རེ་རེའི་སྟེང་དུ་རྒྱལ་བ་སེང་གེ་ང་རོའི་སྐུ་བརྙན་ལྷ་བཟོ་མཁས་པས་བྲིས་པ་ལས་ཀྱང་བརྒྱ་འགྱུར་གྱིས་རི་མོའི་

བཀོད་པ་ཕུན་སུམ་ཚོགས་ཤིང༌།ཆ་ཚད་དང་ལྡན་པ་མཛེས་ཆ་དང་ལྡན་པ་མིག་གི་བདུད་རྩི་བླ་མེད་པར་གྱུར་པ་

རང་བྱོན་དུ་འཁྲུངས་པ་མ་ཟད།ཡལ་ག་དང་ཤུན་པ་ལའང༌།སངས་རྒྱས་ཀྱི་སྐུ་བརྙན་དང༌།ཡིག་འབྲུ།ཕྱག་མཚན་

རྣམས་ཀྱང་རང་བྱོན་དུ་བྱུང་བ་ལུས་ཅན་ཡོངས་ཀྱི་འདྲེན་བྱེད་ཀྱི་ཡུལ་དུ་གྱུར་པ་དེ་ཉིད་ལ་གོས་ཆེན་གྱི་ན་

བཟའ་ལེགས་པར་བྲེས་ནས་སྙིང་པོ་སྲོག་ཤིང་གི་ཚུལ་དུ་བཞུགས་སུ་གསོལ་བའི་ར་བ་བརྟན་པར་བརྩིགས་པའི་

སྟེང་དུ་པདྨ་སྤུངས་པའི་མཆོད་རྟེན་བཞེངས་པའི་ངོ་མཚར་བླ་ན་མེད་པའི་སྐུ་འབུམ་གསེར་སྡོང་ཆེན་མོ་སོགས་

བོད་གངས་ཅན་གྱི་ལྗོངས་སུ་མཆོད་རྟེན་དང་གདུང་རྟེན་གྱི་གྲངས་དང་རྣམ་པ་ནི་བརྗོད་ཀྱིས་མི་ལང་ལ།གྲུབ་

ཆེན་ཐང་སྟོང་རྒྱལ་པོའི་སྐུ་ཚེ་གཅིག་ལའང༌།མཆོད་རྟེན་གྱི་ཕྱོགས་རེ་ལ་འདོམ་པ་བརྒྱད་རེ་ཡོད་པ་ཡན་གྱི་

མཆོད་རྟེན་བརྒྱ་དང་བཅུ་གཅིག་བཞེངས་པ་དང༌།བོད་ཁམས་ཙམ་དུ་མ་ཟད།རྒྱལ་ཁབ་དང་མི་རིགས་གཞན་

པའི་སར་མཆོད་རྟེན་བཞེངས་པ་ནི་ཐང་རྒྱལ་གྱི་རྣམ་ཐར་ལས།གྲུབ་ཐོབ་ཆེན་པོ་རྒྱ་གར་དུ་མུ་སྟེགས་ཀྱི་རྒྱལ་པོ་ཀ་

མ་ཏ་བཏུལ་རྗེས།ཡུལ་དེར་ལམ་གྱི་བཞི་མདོ་ཆེན་པོར་ཕྱི་བྱང་ཆུབ་མཆོད་རྟེན་ལ་ནང་ལྷ་ཁང་དུ་ཡོད་པ།སྐུ་གསེར་

དངུལ་ལས་གྲུབ་པའི་འབུམ་སྐུ་དུས་གསུམ་རྒྱལ་བ་ལ།ལོགས་རིས་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་

དཔལ་མཐའ་ཡས་པས་བསྐོར་བ་དང༌།སྒོ་གཉེར་རྗེ་བླ་མའི་སྐུ་ལ་རྗེ་བཙུན་སྒྲོལ་མ་དང༌།ཁྲོ་བོ་བཅུས་བསྐོར་བ་བྲིས་

ཚུལ་ཁོང་གི་རྣམ་ཐར་ལས་བཤད་ཟིན་པ་ལྟར་དང༌།དེ་བཞིན་རིན་པོ་ཆེ་སྣ་ཚོགས་ལས་བསྒྲུབས་པའི་མཆོད་རྟེན་

ཕོ་བྲང་པོ་ཏཱ་ལའི་གསེར་གདུང་འཛམ་གླིང་རྒྱན་གཅིག་དང༌།དགེ་ལེགས་འདོད་འཇོ་གཙོས་རྒྱལ་དབང་རིམ་བྱོན་

གྱི་གདུང་རྟེན་རྣམས་དང༌།སེ་ར་ཐེག་ཆེན་གླིང་གི་ཚོགས་ཆེན་འདུ་ཁང་གཅིག་གི་ནང་དུའང༌།ཐུགས་རྟེན་ཇོ་བོ་

རྗེའི་ཚེམས་བཞུགས་པའི་གདུང་རྟེན་གཙོས།མཆོད་རྟེན་ཉིས་བརྒྱ་དང་ཉི་ཤུ་ལྷག་བཞུགས་ཚུལ་དང༌།དགའ་ལྡན་

དགོན་གྱི་བདེ་གཤེགས་ལྷ་ཁང་དང༌།བླ་མ་ལྷ་ཁང་དང༌།གསེར་གདུང་ལྷ་ཁང་གསུམ་གྱི་ནང་དུ།དངུལ་ལས་བསྒྲུབས་

པའི་མཆོད་རྟེན་སུམ་ཅུ་སོ་གཅིག་དང༌།ཟངས་གསེར་ལས་བསྒྲུབས་པའི་མཆོད་རྟེན་བཞི་བཅས་རིན་ཆེན་གྱི་རིགས་

ལས་བསྒྲུབས་པའི་མཆོད་རྟེན་ཆེན་པོ་སུམ་ཅུ་རྩ་ལྔ་བཞུགས་ཚུལ་སོགས་དགོན་པ་དེ་གཉིས་ཀྱི་ལོ་རྒྱུས་ལས་གསལ་

ལ།བོད་གངས་ཅན་གྱི་ལྗོངས་སུ་ཅི་ཙམ་བཞུགས་པ་ནི་བགྲངས་ཀྱིས་ག་ལ་ལང༌།དེ་ནས་མི་རིགས་དང་ཡུལ་གྲུ་གཞན་

དག་ནས་མཆོད་རྟེན་འགང་ཆེན་ཡང་གདན་དྲངས་ཏེ།འབྲི་མཐིལ་འོག་མིན་བྱང་ཆུབ་གླིང་གི་ཕོ་བྲང་དུ་མཉམ་

མེད་ཇོ་བོ་ཆེན་པོས་བོད་དུ་གདན་དྲངས་པའི་འདས་པའི་སངས་རྒྱས་འོད་སྲུང་དང༌།ད་ལྟའི་སངས་རྒྱས་ཤཱཀྱ་ཐུབ་

པའི་རིང་བསྲེལ་དང༌།མ་འོངས་པའི་སངས་རྒྱས་བྱམས་པའི་ཕྱག་སེན་དང་དབུ་ལོ་བཞུགས་པའི་མཆོད་རྟེན་འཛམ་

གླིང་རྒྱན་ཞེས་བྱ་བ་བལ་བོ་རྒྱལ་པོ་འོད་ཟེར་གོ་ཆའི་ཐུགས་དམ་གྱི་རྟེན་དུ་གྲགས་པ།ཙནད་གོ་ཤི་ལས་བསྒྲུབས་པ་

དང༌།བླ་བྲང་བཀྲ་ཤིས་འཁྱིལ་དུ་བླ་བྲང་རིགས་གྲྭའི་མེ་ཏོག་མཆོད་པ་མཆོད་མཇལ་གཏོང་རྒྱུའི་ནང་རྟེན་དུ་མཉམ་

མེད་ཇོ་བོ་ཆེན་པོའི་གདུང་རུས་ནང་རྟེན་དུ་བཞུགས་པའི་བཀའ་གདམ་མཆོད་རྟེན་དགོན་པ་ཆེན་པོའི་ཐུགས་དམ་

གྱི་རྟེན་དང༌།ངོ་མཚར་ལྷ་ཁང་དུ་ཀློང་རྡོལ་བླ་མ་ནས་ཕུལ་བའི་བཀའ་གདམ་གོང་མ་རྣམས་ཀྱི་གདུང་རྟེན་གྱི་བཀའ་

གདམ་མཆོད་རྟེན་ཉི་ཤུ་རྩ་ལྔ་ལ་སོགས་གྲངས་ལས་འདས་པ་བཞུགས་སོ།།གངས་ཅན་གྱི་ཡུལ་འདིར་གོང་དུ་བཀོད་

པའི་ལོ་རྒྱུས་འགའ་ཞིག་གིས་མཆོད་རྟེན་བསམ་གྱིས་མི་ཁྱབ་པ་ཞིག་བཞེངས་མྱོང་བ་མཐོང་ཐུབ་མོད་དེ་དག་ལས་

ཁྱད་པར་གྲགས་ཆེ་བ་ནི།བསམ་ཡས་ཀྱི་མཆོད་རྟེན་རྣམ་ལྔ་དང༌།ངོ་མཚར་རྡོའི་མཆོད་རྟེན།དཔལ་རི་བོ་ཆེའི་མཆོད་

རྟེན་ཆེན་པོ།སྐུ་འབུམ་མཐོང་གྲོལ་ཆེན་མོ།འཕན་ཡུལ་ཤར་འབུམ་པ།བྱང་འབྲུ་ཏུ་ཕུལ་གྱི་ཆོ་ལོ་འབུམ་པ།ལྷོ་བྱམས་

གླིང་མཆོད་རྟེན།འབྲི་གུང་གདན་མཐིལ་མཆོད་རྟེན།དཀར་ཆུང་རྡོ་རྗེ་དབྱངས་ཀྱི་མཆོད་རྟེན།རྒྱ་མ་རིན་ཆེན་སྒང་

གི་མཆོད་རྟེན།གངས་ཏིའི་སེ་མཆོད་རྟེན།ཐང་སྐྱ་འབུམ་ཆེ།རྡོའི་མཆོད་རྟེན་བཀྲ་ཤིས་འོད་འབར་སོགས་གྲགས་ཤིང༌།

དེ་དག་ལས་བཟོ་བཀོད་ཁྱད་དུ་འཕགས་ཤིང་ད་ལྟ་མཇལ་དུ་ཡོད་པ་ནི།རྒྱལ་རྩེ་ཆོས་རྒྱལ་རབ་བརྟེན་ཀུན་བཟང་

འཕགས་དང༌།མཁས་གྲུབ་དགེ་ལེགས་དཔལ་བཟང་པོ་རྣམ་གཉིས་ཀྱིས་སྤྱི་ལོ༡༣༨༩ལོར་རབ་བརྟན་ཕ་མེས་ཀྱི་འདས་

མཆོད་དུ་བཞེངས་པའི་རྒྱལ་རྩེ་མཆོད་རྟེན་ཐོག་བརྩེགས་རིམ་པ་དགུ་དང་ལྡན་ཞིང་སྒོ་མང་བརྒྱ་རྩ་བརྒྱད།ལྷ་ཁང་

བདུན་ཅུ་དོན་བདུན་གྱི་ནང་དུ་ཟངས་གསེར་དང་སྨན་འཇིམ་སོགས་ལས་གྲུབ་པའི་སངས་རྒྱས་བྱང་སེམས་ཀྱི་སྐུ་

བརྙན་འབུམ་ཚར་བཞུགས་པ།མཆོད་རྟེན་གྱི་ཐོག་ཚད་ལྔ་ཡན་ཟུར་བརྒྱད་ཀྱི་བཀོད་པ་དང༌།ཐོག་ཚད་དྲུག་ཡན་

སྒོར་མོའི་དབྱིབས་སུ་གྲུབ་པ།རྩེ་མོ་ཟངས་གསེར་གྱི་རྒྱ་ཕིབས་དང་བཅས་པ།བཀྲ་ཤིས་སྒོ་མང་མཆོད་རྟེན་གྱི་ལུགས་

སུ་བཞེངས་པ།བོད་ཀྱི་བཟོ་སྐྲུན་གྱི་སྙིང་སྟོབས་དང་ཤེས་རབ་ཀྱི་རྣམ་པ་གཟུགས་སུ་བཀོད་པ་ངོ་མཚར་བ་དེ་དང༌།

གཞན་ཡང་མཆོད་རྟེན་གྱི་བཟོ་བཀོད་ཁྱད་པར་ཅན། རྭ་སྒྲེང་དགོན་དུ།ལྷ་བཟོ་མཁས་པ་ཨ་ཙ་ར་མ་ནུ་ཞེས་བྱ་བས་

བཟོ་རྩལ་ལས་ཐོན་པའི་ཇོ་བོའི་གདུང་ཁང་ཕྱི་དངུལ་གྱི་མཆོད་རྟེན་གྱི་རྣམ་པ་ཅན།དེའི་རི་རབ་ཕ་རོལ་ཕྱིན་པའི་

ལུགས་ལ་མདུན་དུ་ཐུབ་པ་གཙོ་འཁོར་གསུམ།ནུབ་ཏུ་ཐུབ་པ་དམ་ཚིག་གསུམ་བཀོད་གཙོ་འཁོར་གསུམ།བྱང་དུ་

བྱམས་པ་མངོན་པར་བྱང་ཆུབ་པའི་གཙོ་འཁོར་གསུམ། ཤར་དུ་སྨན་བླ་གཙོ་འཁོར་གསུམ།མཆོད་རྟེན་གྱི་བུམ་པའི་

ནང་གསང་སྔགས་ཀྱི་ལུགས་སུ་བྱས་ཏེ་གསང་འདུས་འཇམ་དཔལ་རྡོ་རྗེའི་དཀྱིལ་འཁོར་གྱི་ལྷ་བཅུ་དགུ་ཕྱི་ནང་

འབུར་དོད་པ་ལ་ཕྱོགས་བཞིར་ཡབ་བཞི།མཚམས་བཞིར་ཡུམ་བཞི། ལྷ་མོ་དྲུག་ནང་དུ་འབུར་དུ་དོད་པ།ཁྲོ་བོ་བཞི་

ནས་འབྲུ་ཙམ་རེ་སྟེ་ཟུར་གྱི་མཆོད་རྟེན་ནང་དུ་བཞུགས་པ་སོགས་ཁྱད་པར་ཅན་དང༌།མདོར་ན་སྐྱེས་ཆེན་དམ་

པའི་སྐུ་གདུང་རིལ་པོ་དང༌།ཡང་ན་སྐུ་རུས་གདུང་ཐལ་སོགས་བཞུགས་པའི་གདུང་རྟེན་དང༌།མི་བཞུགས་པའི་

མཆོད་རྟེན་རྒྱུ་དང་བཟོ་བཀོད་སྣ་ཚོགས་ཀྱིས་བོད་ཁམས་ཀུན་ཏུ་ཁྱབ་པའོ།།

 
 

 

 

 

 

Back

Search site

© 2012 All rights reserved. No information or images from this website can be copied or used for any purpose without permission from "KonchoK..com

དཀོན་མཆོག་བོད་རང་བཙན་དྲ་ཚིགས།