བོད་མངའ་མཛད་དུས་རིམ་གྱི་རྩོད་སྤོང་

02/08/2009 01:28

བཞི་པ། བོད་མངའ་མཛད་དུས་རིམ་གྱི་རྩོད་སྤོང་དང༌། ནང་གསེས་དབྱེ་བ།

གོང་དུ་གླེང་སློང་སོང་བ་ལྟར། བོད་མངའ་མཛད་དྲུག་དང་བཅུ་གཉིས་སོགས་བྱུང་ལུགས་བཤད་ཀྱང༌། དེ་དག་གི་

མ་ཡིག་ཁ་གསལ་བསྟན་མེད་པས་དཔྱད་གཞི་ཆེ་ཚུལ་བཤད། དཔེར་ན། ཁ་ཅིག་གིས། ལྷོ་བྲག་ཆོས་འབྱུང་རྩོམ་པ་པོ་

ཉིད་ཀྱིས་རྒྱལ་ཕྲན་བཞི་བཅུའི་རྒྱལ་བློན་གྱི་མིང་དང་ཡུལ་མིང་བཀོད་པའི་ཚིག་གི་འགོ་མཇུག་དུམ་བུ་རེ་དྲངས་པར་

མཛད་པ་ལས་ཆ་ཚང་བ་ཞིག་བཀོད་མེད་པ་དང༌། ཚིག་དེ་རྣམས་བོད་ཡིག་གི་དཔེ་རྙིང་གང་འདྲ་ཞིག་ནས་དྲངས་

པར་མཛད་པ་ཡང་གསལ་བར་མ་གསུངས་པའི་རྒྱུ་མཚན་གང་ཡིན་བརྟག་ཅེས་བརྗོད་འདུག ཡང་འཆད་འགྱུར་ལྟར། རྒྱལ་ཕྲན་སིལ་མ་བཅུ་གཉིས་འཆད་སྐབས་ལྷོ་བྲག་ཆོས་འབྱུང་ནང་གསལ་བ་དང༌། ཏུན་ཧོང་ཡིག་རྙིང་ལེའུ་བཅུ་པར་

བཀོད་པ་དང་ཕལ་ཆེ་བ་གཅིག་མཚུངས་སུའང་ཡོད་པས། དེ་དག་དཔེ་རྙིང་ཞིག་ལས་དྲངས་ཡོད་ངེས་ཀྱི་གདེང་ཡང་

ཆེ་ལ། གང་ལྟར་བོད་མངའ་མཛད་ནང་རྒྱལ་ཕྲན་སིལ་མ་བཅུ་གཉིས་དང༌།   བཞི་བཅུ་སོགས་མང་དག་བྱུང་ཚུལ་དེ་

དག་ལ་དངོས་སུ་བདེན་མིན་ནན་ཏན་གྱིས་བསམ་གཞིག་དགོས་ཤིང༌། གལ་ཏེ་བྱུང་བའི་དབང་དུ་བཏང་ནའང་རྒྱལ་

ཕྲན་བཅུ་གཉིས་ཟེར་བ་སུམ་བྷའི་ཡུལ་ནས་བྱུང་བ་འདྲ་སོགས་གཞན་གྱིས་གླེང་སློང་བྱུང་བ་དག་ཀྱང་ཕྱོགས་གང་ས་

ནས་དཔྱད་གཞིའི་གནས་སུ་ལྷགས་ཤིང༌། ལྷོ་བྲག་ཆོས་འབྱུང་ནང་རྒྱལ་ཕྲན་བཞི་བཅུ་ཡོད་ལུགས་གསུངས་པར་ཞིབ་

ཕྲའི་གསལ་བཤད་མེད་ཀྱང༌། རྒྱལ་ཕྲན་སིལ་མ་བཅུ་གཉིས་ཀྱི་གསལ་བཤད་ཏུན་ཧོང་ཡིག་རྙིང་དང་བཤད་ཚུལ་ཆེས་

ཉེ་བས་དཔེ་རྙིང་གི་ཁུངས་ཤིག་ཡོད་ཤས་ཆེ་ཚུལ་གཞན་གྱིས་བཤད་ཅིང༌། མཁས་དབང་ནམ་མཁའི་ནོར་བུས་ལྡེའུའི་

ཆོས་འབྱུང་དང་ལྷོ་བྲག་ཆོས་འབྱུང་ལས་གསལ་བའི་རྒྱལ་ཕྲན་སིལ་མ་བཅུ་གཉིས་དང་བཞི་བཅུའི་སྐོར་རགས་ཙམ་

གསལ་བ་འདི་དག་གནའ་མི་རྒན་པོ་འགའི་ཟེར་སྒྲོས་ཡི་གེར་བཀོད་པ་ཙམ་ཞིག་མིན་པ།

གནའ་བོའི་ལོ་རྒྱུས་ཀྱི་དཔེ་ཁུངས་ལྡན་ཞིག་ལ་བརྟེན་ནས་བཀོད་མཛད་ཡོད་པ་ནི་མཐའ་གཅིག་ཏུ་ངེས་ཏེ། དེའི་

ཤེས་བྱེད་ཁྱད་པར་ཅན་ཞིག་ནི་ཏུན་ཧོང་བོད་ཀྱི་ལོ་རྒྱུས་ཡིག་རྙིང་ཞེས་གསུངས་པ་བཞིན། དེ་མ་ཐག་ཏུ། ལྡེའུ་ཆོས་

འབྱུང་དང༌། ལྷོ་བྲག་ཆོས་འབྱུང༌། ཏུན་ཧོང་གཏེར་ཡིག་གསུམ་གྱིས་བཤད་པའི་རྒྱལ་ཕྲན་སིལ་མ་བཅུ་གཉིས་རེའུ་

མིག་གི་ལམ་ནས་དབྱེ་བསྡུར་གྱིས་ངེས་ཤེས་རྙེད་ཐུབ་པ་ཡོད་ཚུལ་གསལ་བཤད་མཛད་ཡོད། དེ་ཡང་བོད་མངའ་

མཛད་ཀྱི་དུས་རིམ་འདི་ནས་ལོ་གྲངས་ ༦༠༠༠ ཙམ་འདས་ཚུལ་ཚོད་དཔག་གི་གནས་སུ་གྱར་ཞིང་བྱུང་རབས་

ཀྱང་ཞིབ་ཕྲའི་གསལ་ཁ་མེད། ༈ མངའ་མཛད་བཅུ་གཉིས་ཀྱི་བདུན་པ་མ་སངས་རུས་དགུ་ནི། མཁས་པ་ལྡེའུས། དེ་

ལ་མ་སངས་རུ་དགུ་ཟེར་ཡང༌།   མ་སངས་རུ་བརྒྱད།  གཡང་འབྲུམ་སི་ལེ་མ་དང་དགུའོ།  །མ་སངས་རུ་བརྒྱད་ནི།

གཉན་མ་སངས་གཡའ་སྤང་སྐྱེས་གཅིག་དང་གཅིག གར་མ་སངས་གཙོ་གར་སྐྱེས་ཀྱི་སྡིག་ནམ་ཚད་དང་གཉིས།

གཉན་མ་སངས་ངན་ལམ་རྩང་སྐྱེས་དང་གསུམ། ཏུབ་མ་སངས་ཐོ་གར་སྐྱེས་དང་བཞི། ཤེ་མ་སངས་ཐོད་དཀར་

ནམ་ཚང་དང་ལྔ། མེ་མ་སངས་པད་མ་སྐྱེས་ཀྱི་སྙིང་ནམ་ཚ་དང་དྲུག མི་མ་སངས་རྒྱ་མཚོ་སྐྱེས་ཀྱི་དྲ་ང་འགུར་

དང་བདུན། ཨོད་མ་མ་སངས་སྟོན་ནམ་ཚ་དང་བརྒྱད། ཅེས་གསལ།

༈ རྒྱལ་ཕྲན་སིལ་མ་བཅུ་གཉིས་ཞེས་གསལ་བས་མང་དག་གིས་སྐབས་དེར་རྒྱལ་ཕྲན་སིལ་མ་བཅུ་གཉིས་ཙམ་དུ་

བྱུང་ཡོད་ཚུལ་བསམ་ཤས་ཆེ་ནའང༌། ཏུན་ཧོང་ཡིག་ཆར། (P.T.1286) རྒྱལ་པྲན་ཡུལ་ཡུལ་ན། མཁར་བུ་རེ་རེ་

ན་གནསྟེ། རྒྱལ་པྲན་བགྱྀད་པ་དང༌། རྒྱལ་པྲན་གྱྀ་བློན་པོ་བགྱིད་པ་འྀ་རབ་ལ། །ཞང་ཞུང་དར་པ་འྀ་རྗོ་བོ་ལིག་སྙ་

ཤུར། བློན་པོ་ཁྱུང་པོ་ར་སངས་རྗེ་དང༌། སྟོང་ལོམ་མ་ཙེ་གཉྀས། །མྱང་རོ་འི་པྱེད་ཀར་ན། རྗེ་རྩང་རྗེ་འི་ཐོད་ཀར། བློན་

པོ་སུ་དུ་དང་གནང་གཉྀས། །ཡུལ་གནུབས་གྱྀ་གླིང་དགུའ་ན་རྗེ་གནུབས་རྗེ་འྀ་སྲིས་པ། །བློན་པོ་རྨེ་འུ་དང་གྲོ་གཉིས།

།ཡུལ་མྱང་རོ་འི་ཤམ་པོ་ན། རྗེ་ལོ་ངམ་བྱི་བྲོམ་ཚ། བློན་པོ་ངབ་མྱི་དང་འབྲེ་གཉིས། །ཡུལ་སྐྱི་རོ་འི་ལྗང་སྔོན་ན། རྗེ་སྐྱི་

རྗེའི་མང་པོ། བློན་པོ་ཤེ་འུ་དང་སྤུག་གཉིས།  །ཡུལ་ངས་པོ་འི་ཁྲ་སུམ་ན།   རྗེ་དགུག་གྲྀ་འི་ཟིང་པོ་རྗེ། བློན་པོ་མགར་

དང་མཉན་གཉིས། །ཡུལ་དབྱེ་མོ་ཡུལ་བཞྀ་ན། རྗེ་དབྱེ་རྗེ་འྀ་མཁར་པ། བློན་པོ་དབོ་དང་རྟུག་གཉིས། །ཡུལ་འོ་ཡུལ་གྱི་

སྤང་ཀར་ན། རྗེ་འོལ་རྗེ་འྀ་ཟིན་བྲང་ཚ། བློན་པོ་རྔོ་དང་དབའས་གཉིས། །ཡུལ་རྔེགས་ཡུལ་ཀྱི་གྲུ་བཞྀ་ན། རྗེ་རྔེགས་རྗེ་འྀ་

ལ་བྲང༌། བློན་པོ་སས་པ་དང་མྱང་ནད་གཉིས། །ཡུལ་ཀླུམ་རོ་འི་ཡ་སུམ་ན་རྗེ་ནམ་པ་འི་བུ་གསེང་ཏི། །བློན་པོ་མྱང་དང་

སྦྲང་གཉིས། །ཡུལ་སྲིབས་ཡུལ་ཀྱི་རལ་མོ་གོང་ན། རྗེ་དྲང་རྗེ་འྀ་རྣོལ་ནམ། བློན་པོ་ཞུག་ཚམས་དང་དབྲད་གཉིས། །ཡུལ་

རྐོང་ལ་བྲེ་སྣར་ན། རྗེ་རྐོང་རྗེ་འྀ་དཀར་པོ། བློན་པོ་མཁར་པ་དང་ཕ་དྲུག་གཉིས། །ཡུལ་མྱང་ཡུལ་གྱྀ་རྟ་གསུམ་ན། །རྗེ་

མྱང་ཙུན་སླང་རྒྱལ། །བློན་པོ་འོ་རུ་དང་སྤྲགས་གཉིས། །ཡུལ་དགས་ཀྱི་གྲུ་བཞི་ན། རྗེ་དགས་རྒྱལ་གྱྀ་སྤྲོག་ཟིན། བློན་པོ་

ཕོ་གུ་དང་པོག་རོལ་གཉིས། །ཡུལ་མཆྀམས་ཡུལ་གྱི་དགུའ་ཡུལ་ནའ། རྗེ་མཆིམས་རྗེ་འྀ་ནེ་འུ། བློན་པོ་དང་དང་དིང་དི

་གཉིས། །ཡུལ་སུམ་ཡུལ་གྱྀ་ཡ་སུམ་ནའ། རྗེ་འབལ་ལྗི་རྨང་རུ་ཏི། བློན་པོ་རླང་དང་ཀམ་གཉྀས། །ཡུལ་འབྲོག་མོ་སྣམ་

གསུམ་ནའ། རྗེ་སེ་རེ་ཁྲྀ། བློན་པོ་སྐྱང་རེ་གནག །རྒྱལ་པྲན་བཅུ་གཉིས་ན། སེ་རེ་ཁྲི་དང་བཅུ་གསུམ། བློན་པོ་ཉི་ཤུ་རྩ་

བཞི་ན། སྐྱང་རེ་གནག་དང་ཉི་ཤུ་རྩ་ལྔ། མཁར་བཅུ་གཉིས་ན། དབུ་ལྡེ་དམ་པ་དང་བཅུ་གསུམ། ཡུལ་བཅུ་གཉྀས་ན།

བྱང་ཀ་སྣམ་བརྒྱད་དང་བཅུ་གསུམ། རྒྱལ་དགུའ་སྔོ་བཅུ། །བློན་དགུའ་མཆིམས་བཅུ་ཞེས་གསལ། ༈ རྒྱལ་ཕྲན་སིལ་མ་

བཞི་བཅུའི་སྐོར་ལྷོ་བྲག་ཆོས་འབྱུང་ལས། ཡུལ་དབྱེ་མོ་ཡུལ་དྲུག་ན། རྒྱལ་པོ་དབྱེ་རྗེ་མཁར་པ། བློན་པོ་སྤོ་དང་རྔོག ཡུལ་

སྲེག་ཡུལ་ས་མོ་གྲུ་བཞི་ན། རྒྱལ་པོ་རྔོག་རྗེ་ཚེའུ་ཀླུ་འབྲང༌། ཡུལ་ཀླུམ་རོ་ཡ་སུམ་ན། རྒྱལ་པོ་ནམ་ས་རྩི་ཏི་ལ་སོགས་པ་

བཞི་བཅུ་རྩ་གཉིས་ཀྱིས་དབང་བྱས་ཟེར་རོ། །


མངའ་མཛད་བཅུ་གཉིས་མཐར་ཆགས་སུ་མ་གསལ་ལ། རྒྱལ་ཕྲན་སིལ་མ་བཅུ་གཉིས་ཀྱི་སྐབས་ལའང་གཉའ་ཁྲིའི་རྗེས་

སུ་བྱུང་བའི་བོད་ཀྱི་རྗེ་བློན་འགའ་ཤས་ཀྱི་མཚན་དང་འདྲ་བ། དཔེར་ན། རྗེ་དགུག་གྲྀ་འི་ཟིང་པོ་རྗེ། བློན་པོ་མགར་དང་

ཞེས་པ་དང༌། རྗེ་རྐོང་རྗེ་འི་དཀར་པོ་སོགས་འབྱུང་བས། ལ་ལས། དེ་དག་གཉའ་ཁྲི་གོང་གི་རྒྱལ་ཕྲན་ནས་མཆེད་པའི་

མིང་ལ་འདོད་དོ། །
                                                                                      ས་རཱ་མཐོ་སློབ། ངག་དབང་བྱམས་པས།

Back

Search site

© 2012 All rights reserved. No information or images from this website can be copied or used for any purpose without permission from "KonchoK..com

དཀོན་མཆོག་བོད་རང་བཙན་དྲ་ཚིགས།