བོད་ཀྱི་རིགས་རུས་

13/07/2009 10:24

ལྔ་པ། བོད་ཀྱི་རིགས་རུས་གླེང་བ།

བོད་མིས་རང་ཉིད་གདོད་མའི་འབྱུང་ཁུངས་ཕ་སྤྲེལ་རྒན་བྱང་ཆུབ་སེམས་དཔའ་དང༌། མ་བྲག་སྲིན་གཉིས་ཡིན་

ལུགས་ཤོད་ཀྱང༌། རྣལ་མས་བསམ་དགོས་པ་ལ། ཚན་རིག་པས་བཤད་པ་ལྟར་འགྲོ་བ་མིའི་རིགས་སྤྲེའུ་ལས་བྱུང་

ཡོད་ན་བོད་མིའང་དེ་ལྟར་ཡིན་མོད།  སྤྲེའུའི་རིགས་ཚན་བྱེ་བྲག་པ་གྲངས་མང་པོ་ཞིག་ལས་བོད་མི་གྱུར་ཚུལ་བལྟ་

དགོས་པ་ལས། ཡབ་མེས་སྤྲེའུ་གྲངས་གཉིས་ཙམ་གྱིས་བོད་མི་འཕེལ་བར་དྲན་ན་རྒྱུ་ཚན་མ་བསམ་པའི་གནས་སུ་

འགྱུར་ངེས། ༑

ནང་པས་བསྐལ་པ་ཡ་ཐོག་གི་དུས་སུ་འགྲོ་བ་མིའི་རིགས་འདི་ཧ་ཅང་གིས་བཟང༌། བཟའ་བཏུང་མི་དགོས་ཤིང་

བསམ་པ་ཙམ་གྱིས་དོན་ཀུན་འགྲུབ། རིམ་པས་མི་རྣམས་དྲན་འཕྲུལ་རྒོད་དྲག་པའི་མཐུ་ལས་འཚོ་གོས་བརྟེན་དགོས་

གྱུར་ཀྱང་མ་རྨོས་ལོ་ཏོག་འདོད་པའི་ཕུན་ཚོགས་སུ་གྱུར། ལེ་ལོ་ཅན་འགའ་ཞིག་གིས་ལོ་ཏོག་གསོག་ཉར་རྐུ་འཁྱེར་

གྱི་རྣམ་སྨིན་ངན་པས་འཚོ་བའི་དཀའ་ངལ་བྱུང་བས་ཕན་ཚུན་ས་ཞིང་བདག་བཟུང་བྱེད་དགོས་ཤར།  ཞིང་ལས་

འཚོ་གོས་དཀའ་ངལ་ཆེ་ལ་ཕོ་མོའི་འདོད་པ་བསྐྱེད་པས་གསང་ཡིབ་ཁང་པ་བརྩིགས། ལས་སྡུག་པ་ཅན་སྣ་ཚོགས་

བྱས་པས་མི་མང་ཕན་ཚུན་ཕྱོགས་གཉིས་གཉིས་སུ་བྱེས་ཏེ་གཡུལ་འཁྲུག་རྒྱུན་མི་ཆད་པས་འགྲོ་བ་མིའི་ཐོག་མའི་

རང་གཤིས་ནས་ད་བར་ཇེ་ཞན་ཇེ་སྡུག་ཏུ་སོང་ཟེར།  ཚན་རིག་པས་དེ་ལས་ལྡོག་སྟེ་གདོད་མའི་འགྲོ་བ་མིའི་བསམ་

བློ་དང་འཚོ་གོས་སོགས་རིམ་བཞིན་ཇེ་ལེགས་སུ་སོང་བར་བཤད་ཅིང་ནང་པ་དང་ལྡོག་ཕྱོགས་ཏག་ཏག་བཤད།

དེ་ཡང་ནང་པས་ལས་རྒྱུ་འབྲས་དང་འབྲེལ་ཏེ་བསམ་པ་བཟང་ངན་ལ་བརྟེན་ནས་འབྲས་བུ་དཀར་ནག་གི་ཚད་

གཞི་འཇལ་བ་དང༌།    ཚན་རིག་པས་ལས་འབྲས་མི་བསམ་ཞིང་ཕྱིའི་དངོས་པོ་དང་བསམ་བློའི་དྲན་རྒོད་མྱུར་

ལོད་ཀྱི་བརྒྱུད་རིམ་གཙོ་ཆེར་བཟུང་ནས་བཤད་པས་མི་འདྲ་ཡང་གཉིས་ཀ་བདེན་ནོ།  །རིགས་རུས་གཉིས་ཀྱི་ཁྱད་

པར་དང༌། བོད་ཀྱི་རིགས་རུས་དབྱེ་ཞིང་ཁྱབ་ཚད་བཤད་པ།

དང་པོ། མང་པོས་རིགས་རུས་གཉིས་གཅིག་ཡིན་པ་ལྟ་བུ་བཤད་འདུག་ཀྱང་ཞིབ་ཏུ་བསམ་ན་རིགས་ཀྱིས་ཁྱབ་ཆེ་

བ་དང༌། རུས་ཀྱི་ཁྱབ་ཁོངས་ཆུང་བ་ཡོད། ༑ གོང་དུ་ནང་པས་འདོད་སྲོལ་གྲངས་པ་ལྟར། ཐོག་མའི་མི་རྣམས་བཟང་

ཞིང་འཚོ་བའི་དཀའ་ངལ་མེད་དུས་མ་ཚོ་རིགས་རྒྱུད་ཀྱིས་སྲིད་པ་བསྐྱངས་ཤིང༌། རྗེས་སུ་འཚོ་བའི་དཀའ་ངལ་ཆེ་

ལ་གཡུལ་འཁྲུག་མང་བས་ཕ་ཚོའི་རིགས་རུས་དར་སྲོལ་ཆེ་རུ་སོང༌། བོད་ཀྱི་རྒྱལ་པོ་ཐོག་མ་གཉའ་ཁྲིའི་སྐབས་སུ་ཕ་

མ་གཉིས་ཀའི་རིགས་རུས་དར་སྲོལ་ཆེ་ཆུང་མཉམ་པར་སྣང་སྟེ། གཉའ་ཁྲི་ནས་རིམ་པས་རྒྱལ་རབས་མང་པོས་རང་

གི་སྲས་ལ་ཕ་མ་གཉིས་ཀའི་མིང་སྣེ་དྲས་ནས་བཏགས་ཡོད། དཔེར་ན། གཉའ་ཁྲི་དང་གནམ་མུག་མུག་གི་སྲས་ལ་མུ་

ཁྲི་བཙན་པོ་དང༌།སྐྱབས་སྟོན་ཁྲོམ་འགྲེལ་ལས། རྒྱལ་པོ་དེ་ཡང་ཡུམ་མུ་ཚོ་ཟ་དང་ཡབ་གཉའ་ཁྲིའི་སྲས་ཡིན་པས་མུ་

ཁྲིའོ་ཞེས་གསུངས། མུ་ཁྲི་བཙན་པོ་དང་བཙུན་མོ་ས་དིང་དིང་གཉིས་བཤོས་པའི་སྲས་ལ་དིང་ཁྲི་བཙན་པོ།  དིང་ཁྲི་

བཙན་པོ་དང་བཙུན་མོ་སོ་ཐམ་ཐམ་གཉིས་བཤོས་པའི་སྲས་ལ་སོ་ཁྲི་བཙན་པོ་ཞེས་བྱུང་བ་ལྟ་བུས་མཚོན།

གཉིས་པ། བོད་ཀྱི་རིགས་རུས་བྱུང་བའི་ཡུལ་དུས་གཅིག་པས་དབྱེ་ན་བསེ་རྨུ་ལྡོང་སྟོང་གི་རུས་ཆེན་བཞི་དང༌།དབུས་

གཙང་རུ་བཞི་ནི་རུས་བཞི་ཟེར་བ་མིན་ནམ།རིགས་ཚན་འཐབ་པས་རུས་ཕྲན་དབྲ་འབྲུ་གཉིས་ཏེ་རྩ་བའི་བོད་མིའུ་

གདོང་དྲུག་ཅེས་ཟེར་བ་ཡིན། རུས་ཆེན་བཞི་པོའི་རེ་རེ་ལའང་དབྱེ་བ་མང་པོ་ཡོད་པ་ཡིན། ༡བསེ་མིང་གི་རྣམ་གྲངས་

ལ་ཁྱུངདང་སྦྲ་ཡང་ཟེར།ལ། སེ་བྱུང་ལེགས་ཀྱི་བུ་བཞི་ནི། སེ་གོང་རྒྱལ་ནང་རྗེ་དང་གཅིག འགྲོ་གང་ཉེར་བ་སེ་དང་

གཉིས། འོ་གོ་བཙན་གསུམ་སེ་དང་གསུམ། འོག་མ་བདེ་སྟོང་སེ་དང་བཞི། སེ་བྱུང་ལེགས་ཀྱི་བུ་བཞི་ཡིན། ཅེས་བསེ་

ལ་རྩ་བའི་དབྱེ་བ་བཞི་དང༌། ཡང་སྦྲ་དཀར་ནག་ཁྲ་གསུམ། དེ་དག་ལའང་ནང་གསེས་དགུ་ཚན་གསུམ་དུ་དབྱེ་བ་

སོགས་ད་དུང་ནང་གསེས་མང༌། ༑ བསེ་ཁྱུང་སྦྲ་རིགས་ནི་གཉའ་ཁྲི་མ་བྱོན་སྔོན་ནས་མདོ་དབུས་ཁམས་གསུམ་ཀྱི་

ཡུལ་དུ་ཁྱབ་པ་དང༌། སྟོད་མངའ་རིས་ནས་ཧི་མ་ལ་ཡི་རྒྱུད་ནས་ཁྱུང་པོ་སྟེང་ཆེན། རྒྱལ་རོང༌། ཐེ་རོང༌། དགུ་རོང༌།

རེབ་གོང༌། ཞང་ཞུང༌།  ཁམས་ཉག་རོང༌།  བདག་འེ། ཉག་སྐེད།  རི་ནུབ་སོགས་སུ་ཁྱབ་པར་བཤད་ཅིང༌།  ཨ་མདོའི་

ཕྱོགས་ཀྱི་མལ་ཟེར་བའི་སྡེ་དཔོན་གྱི་གདུང་རིགས་དང༌།   ཁམས་ཕྱོགས་ཀྱི་མ་ཟེར་བ་གཉིས་ཡུལ་སྐད་ཀྱི་ཁྱད་པར་

ྱུང་བ་མ་གཏོགས་དོན་ལ་རིགས་གཅིག་པ་དང༌། བསེ་ཞེས་ཨ་མདོར་ཡོད་པའི་རིགས་རྒྱུད་འདི་རྣམས་དང༌། ཨ་བསེ་

ཞེས་ཁམས་ཕྱོགས་ན་མང་བ་འདི་ཐམས་ཅད་སྦྲ་ནག་པོའི་རིགས་སུ་གཏོགས་ཞེས་བསལ། ༢རྨུ་མིང་གི་རྣམ་གྲངས་

ལ་རྨུ་ཚ་སྒ་ཡང་ཟེར།ལ། རྨུ་ལ་ཀོ་ལོ་ཕྲ་བརྒྱད་བྱུང༌། ངམ་དང་སྣུབས་དང་གཞུང་དང་གསུམ། འགར་དང་དཀར་དང་

སྨོན་དང་གསུམ། སྙོས་དང་ངན་ལམ་གཉིས་ཏེ་བརྒྱད། རྨུ་ཀོ་ལེ་ཕྲ་བརྒྱད་ཟེར་བ་ཡིན། ཞེས་རྨུ་རྩ་བའི་དབྱེ་བ་བརྒྱད་

དང་ནང་གསེས་མང༌། ༑ རིགས་འདི་ནི་ཁམས་གཡར་མོ་ཐང་དང༌། བྱང་དཀར་མོ་ཐང༌། མདོ་སྨད་ཙོང་ཁ་ལ་གྱི་ཐང༌།

ཁྱུང་པོ་ནས་འབྲི་ཆུ་ཚུར་རྒྱུད། སྟོད་གཙང་ཕྱོགས་དང༌། རྔ་བའི་མཛོད་དགེ། བླ་བྲང༌། ལི་ཐང་ཚྭ་ཁ། མཚོ་སྔོན་ཡོངས་

ལ་ཁྱབ་ཡོད་པར་བཤད། ༣ལྡོང་མིང་གི་རྣམ་གྲངས་ལ་ཨ་སྤོ་ལྡོང་ཡང་ཟེར།ལ། ཡབ་ལྡོང་ཆེན་པོ་སྤོས་དྲོ་ཡིན། དེ་ལ་

རུས་རིགས་བཅོ་བརྒྱད་བྱུང༌། ཅོག་དང་ཅོག་ཙེ་ཅོག་རོ་གསུམ། འབྲོང་དང་ཁྱུང་པོ་ཟླ་བ་གསུམ། འབྲིང་དང་ལྷ་ལུང་

ལྷ་རྩེ་གསུམ། བྲང་དང་དགོས་པ་ཁུ་ན་གསུམ། ཉ་དང་ཚེ་སྤོང་ལུ་ནག་གསུམ། སྙིང་དང་ཕོ་གོང་ཐག་བཟང་བཅས་

ལྡོང་གི་རུས་ཆེན་བཅོ་བརྒྱད་ཡིན། གཞན་ཡང༌། དཀར་ནག་ཁྲ་གསུམ་དང་སྨུག་པོ་ལྡོང་གི་རིགས་བཅས་ཡོད་ཅིང་

ནང་གསེས་མང༌།    རིགས་འདི་མི་ཉག་དང༌།  འབྲི་ཆུ་མས་རྒྱུད་ཀྱི་སྡེ་དགེ་ནས་ཨ་མདོ་བར།  གཞན་ཡང་མདོ་

ཁམས་ཡུལ་ན་ལྡོང་ཤུལ་ཆེན་བཅོ་བརྒྱད་དུ་གྱེས་ཞེས་སོགས་གང་ལྟར་རིགས་རུས་འདི་རྣམས་བོད་མདོ་དབུས་

ཁམས་གསུམ་གྱི་ཡུལ་གྲུ་ཀུན་ལ་ཁྱབ་ཡོད་པར་བཤད། ༤སྟོང་མིང་གི་རྣམ་གྲངས་ལ་ཨ་ལྕགས་འབྲི་ཡང་ཟེར།ལ།

སྟོང་རྗེ་བཞི་ཁོལ་བརྒྱད་སོགས་མང༌། ༑ འབྲི་ཆུ་ཤར་རྒྱུད་དཀར་མཛེས་ནས་ཨ་མདོའི་བར། འབྲི་མི་འགྱུར་ཐར་པའི་

གནས་བརྒྱད་ཅེས་གཙོ་ཆེ་བ་ས་སྐྱ་དང་འབྲི་གུང་སོགས་ཀྱི་གདུང་རིགས་བརྒྱད་དབུས་གཙང་བར་ཁམས་བཅས་ལ་

ཁྱབ་ཡོད་པར་བཤད།

ས་རཱ་མཐོ་སློབ། ངག་དབང་བྱམས་པས།

Back

Search site

© 2012 All rights reserved. No information or images from this website can be copied or used for any purpose without permission from "KonchoK..com

དཀོན་མཆོག་བོད་རང་བཙན་དྲ་ཚིགས།