བཀའ་བརྒྱུད་པ།

06/11/2009 13:00

                                     བཀའ་བརྒྱུད་པ།

 ཐོག་མར་བཀའ་བརྒྱུད་ཅེས་པའི་མིང་གི་བྱུང་ཚུལ་གང་ཡིན་སྐོར་ལ་ཐུའུ་ཀུན་གྲུབ་མཐའིལས་

དུས་ཕྱིས་ཀྱི་འབྲུག་པའི་ཡི་གེ་འགའ་ཞིག་ན་མར་མི་དང་། གླིང་རས་པ་སོགས་ན་བཟང་དཀར་པོ་གསོལ་བ་

ཙམ་ལ་བསམ་དཀར་བརྒྱུད་ཅེས་བྲིས་པའང་སྣང་མོད།    བཀའ་བརྒྱུད་ཅེས་ཡོངས་སུ་གྲགས་པ་འཐད་དེ། 

བཀའ་བབས་ཀྱི་གདམས་པའི་བརྒྱུད་འཛིན་ཡིན་པས། དེ་སྐད་དུ་གྲགས་པས་སོ།ཞེས་གསུངས་ཡོད། བཀའ་

བརྒྱུད་བསྟན་པའི་སྲོལ་གཏོད་མཁན་ནི་མར་པ་ལོ་ཙ་བ་ཆོས་ཀྱི་བློ་གྲོས་ཡིན། ཁོང་ནི་སྤྱི་ལོ 1012 ལོར་ལྷོ་

བྲག་ཕུ་ཆུ་ཁྱེར་དུ་སྐུ་འཁྲུངས་པ་དང་། དེ་ནས་དང་པོ་འབྲོག་མིའི་དྲུང་དུ་ལོ་ཙ་བ་བསླབས། རྗེས་སུ་རྒྱ་གར་

དུ་ལན་གསུམ་དང་བལ་ཡུལ་དུ་ལན་གསུམ་བྱོན་ནས་པན་ཆེན་ནཱ་རོ་པ་དང་མངའ་བདག་མེ་ཏྲེ་བ་སོགས་

གྲུབ་ཐོབ་ཀྱི་བླ་མ་མང་དུ་བསྟེན། ཀྱེ་རྡོར་དང་། གསང་འདུས། ཕྱག་རྒྱ་ཆེན་པོ་སོགས་གསང་སྔགས་ཀྱི་གདམས་

པ་མཐའ་ཡས་བསླབས།སླར་བོད་ཡུལ་དུ་ཕྱིར་ཕེབས་ནས་ལྷོ་བྲག་གྲོ་བོ་ལུང་དུ་བཞུགས། རག་སྟོན་ཆོས་སྐུ་རྡོ་

རྗེ་དང་།  ཚུར་སྟོན་དབང་གི་རྡོ་རྗེ།   མེས་སྟོན་ཚོན་པོ།    མི་ལ་རས་པ་ལ་སོགས་སློབ་མ་མང་དུ་བསྐྱངས། 

དགུང་ལོ་གྱ་དྲུག་སྟེ། སྤྱི་ལོ་ 1097 ལོར་སྐུ་མྱ་ངན་ལས་འདས།བཀའ་བརྒྱུད་ནི། རྒྱལ་བ་རྡོ་རྗེ་འཆང་གིས་

གསུངས་པའི་གསང་སྔགས་ཀྱི་གདམས་པའི་བཀའ་བབས་ཀྱི་ཆོས་བརྒྱུད་འཛིན་མཁན་ཞིག་སྟེ། བོད་དུ་དེའི་

རིང་ལུགས་སྲོལ་འབྱེད་གྲུབ་ཆེན་ཁྱུང་པོ་མཁས་གྲུབ་ནས་བརྒྱུད་པ་ལ།ཤངས་པ་བཀའ་བརྒྱུད་དང་། ལྷོ་བྲག་

མར་པ་ནས་བརྒྱུད་པ་ལ།  དྭགས་པོ་བཀའ་བརྒྱུད་ཟེར།  དེ་ལའང་ནང་གསེས་སུ་ཕྱེ་ན་ཀརྨ་དང་། ཚལ་པ། 

འབའ་རོམ། ཕག་གྲུ་བཅས་བཞི་ཡོད། ཕག་གྲུ་བཀའ་རྒྱུད་ལའང་འབྲི་གུང་དང་། སྟག་ལུང་།   འབྲུག་པ། 

གཡའ་བཟང་། ཁྲོ་ཕུ། ཤུག་གསེབ། ཡེར་པ། རྨན་ཚང་ཞེས་པ་ལ་སོགས་མང་པོ་ཡོད།  བཀའ་བརྒྱུད་པའི་གྲུབ་མཐའ་བཀའ་བརྒྱུད་ཆེ་བ་བཞིའི་དབྱེ་བ་ཕྱེ་སྲོལ་ཡོད་པ་སྟེ། འབའ་རོམ་པ་དར་མ་

དབང་ཕྱུག་ལས་འབའ་རོམ་བཀའ་བརྒྱུད། ཕག་གྲུ་རྡོ་རྗེ་རྒྱལ་པོ་ལས་ཕག་གྲུབ་བཀའ་བརྒྱུད། དཔལ་ལྡན་

དུས་གསུམ་མཁྱེན་པ་ལས་ཀརྨ་བཀའ་བརྒྱུད། དབོན་སྒོམ་ཚུལ་ཁྲིམས་རྙིང་པོའི་སློབ་མ་ཞང་ཚལ་པ་བརྩོན་

འགྲུས་ཆད་པ་ལས་ཚལ་པ་བཀའ་བརྒྱུད་བཅས་བཞིར་གྲགས་སོ། བཀའ་བརྒྱུད་པའི་ཉམས་ལེན་བྱ་ཡུལ་དུ་གྱུར་པའི་གཞུང་གཙོ་བོ་ཕྱག་རྒྱ་ཆེན་པོ་ཡིན། ལ་ལ་བས་འབྲས་བུ་

མཐར་ཐུག་གམ་མཆོག་གི་དངོས་གྲུབ་ཕྱག་རྒྱ་ཆེན་པོ་ཞེས་བྱ་སྟེ། མཆོག་ཏུ་མི་འགྱུར་བའི་བདེ་བ་དང་། དེ་

ལ་རྒྱས་འདེབས་པའི་རྣམ་པ་ཐམས་ཅད་པའི་གཟུགས་སྐད་ཅིག་དང་པོར་ཐོས་པ་དེ་ལས།   བྲི་བ་དང་གང་

བ་མེད་པ་ཡེ་ཇི་བཞིན་པའི་ངོ་བོ་ཉིད་ཀྱིས་ནམ་མཁའ་ཇི་སྲིད་པ་དེ་སྲིད་དུ་རྟག་ཏུ་གནས་ཤིང་གཞར་ཡང་

དེ་ལས་འདར་མི་སྤྱོད་པ་ཉིད་ཀྱིས་ཕྱག་རྒྱ་ཡིན་ལ། སྤོང་པ་དང་རྟོགས་པ་དང་སེམས་ཏེ་ཆེན་པོ་གསུམ་དང་

ལྡན་པ་ན། ཆེན་པོ་ཕྱག་རྒྱ་ཆེན་པོ་ཞེས་བྱ་བར་འགྲེལ་པ་མཛད་རུང་། ཡང་ལ་ལ་བས། ཕྱག་དང་རྒྱ་ཞེས་ཡིག་

འབྲུ་རེ་རེ་འཕྲུལ་ནས་སྒྲ་དོན་འགྲེལ་བཤད་བྱ་རྒྱུ་མེད་པར། ཕྱག་རྒྱ་ཞེས་པ་ལག་གི་རྙིམ་པ་ཁ་སྦྱོར་བར་ཟེར་

ཞིང་། དོན་ལ། ཐབས་དང་ཤེས་རབ་ཟུང་དུ་འཇུག་པའམ། གསལ་སྟོང་མཉམ་སྦྱོར་ཆེན་པོའི་དོན་ལ་གོ་དགོས་

པར་ངོས་འཛིན་གྱི་ཡོད།

Back

Search site

© 2012 All rights reserved. No information or images from this website can be copied or used for any purpose without permission from "KonchoK..com

དཀོན་མཆོག་བོད་རང་བཙན་དྲ་ཚིགས།