ཕྱི་ཟླ་བཅུ་གཉིས།

18/07/2009 12:56

ཕྱི་ཟླ་བཅུ་གཉིས།

 རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་དམིགས་བསལ་ཚོགས་ཆེན།

    ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་བོད་ཀྱི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་རྩོད་མེད་ཡིན་པ་དང༌། བཙན་བྱོལ་བོད་གཞུང་དེ་བོད་གཞིས་བྱེས་གཉིས་ཀྱི་ཁྲིམས་མཐུན་གྱི་གཞུང་ཡིན་པར་ངོས་འཛིན་ཡོང་

ཐབས་ལ་རྒྱལ་ཁབ་སོ་སོའི་ནང་དུ་འབད་བརྩོན་བྱེད་རྒྱུར་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་

ཆེན་ཐོག་ཐག་གཅོད་གནང་ཡོད་པ་རེད།

རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་དམིགས་བསལ་ཚོགས་ཆེན་དེ་ཕྱི་ཟླ་༡༡ ཚེས་༢༩ ནས་ཟླ་འདིའི་

ཚེས་༡ བར་ཉིན་གསུམ་རིང་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ཉེ་འགྲམ་དུ་འཚོགས་ཡོད་པ་དང༌། ཚོགས་ཆེན་དེར་

རྒྱལ་ཁབ་སུམ་ཅུ་ལྷག་ནས་ཚོགས་མི་༡༠༠ ལྷག་མཉམ་འཛོམས་གནང་ཡོད་པ་རེད། བོད་ནང་གི་ཛ་དྲག་

གནས་སྟངས་དང༌། རྒྱལ་སྤྱིའི་འཕེལ་རིམ་བཅས་ལ་བསྟུན་བོད་དོན་འཐབ་རྩོད་བྱེད་སྟངས་སྐོར་ལ་བགྲོ་

གླེང་གནང་སྐབས། ཆབ་སྲིད་ཀྱི་ལངས་ཕྱོགས་དང༌། བོད་དོན་རྒྱབ་སྐྱོར་ཚོགས་པ་སོ་སོས་ལས་དོན་བྱེད་

ཕྱོགས་སྐོར་ཡིན་པ་རེད། ཚོགས་ཆེན་དེར་ྋསྤྱི་ནོར་ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་དམིགས་

བསལ་གསུང་འཕྲིན་ཞིག་གནང་ཡོད་པ་དང༌། གསུང་འཕྲིན་དེ་བཀའ་བློན་དང་ལྡི་ལི་དོན་གཅོད་གཅིག་

ལྕོགས་བསྟན་པ་ཚེ་རིང་མཆོག་གིས་སྒྲོགས་སྦྱང་གནང་བ་དེའི་ནང་རྒྱ་ནག་གི་རྩ་ཁྲིམས་གཞིར་བཟུང་རྒྱ་

བོད་གཉིས་ཀྱི་དཀའ་རྙོག་སེལ་ཐབས་གནང་ཡོད་ནའང༌།  རྒྱ་ནག་གཞུང་གིས་རྒྱུ་མཚན་ལ་མ་གཟིགས་

པར་ྋགོང་ས་མཆོག་སྐུ་སྒེར་གྱི་གནད་དོན་ལས་བོད་མིའི་གནད་དོན་ཞིག་མིན་སྐོར་བརྗོད་ཀྱི་ཡོད་པ་

རེད། བོད་རྒྱའི་དཀའ་རྙོག་དེ་བོད་མི་ས་ཡ་དྲུག་གི་གདན་དོན་ཞིག་ཡིན་པས།     དཀའ་ངལ་དེ་སེལ་

ཐབས་ལ་རྒྱལ་སྤྱིའི་སྤྱི་ཚོགས་ནས་སྔར་ལྷག་རྒྱབ་སྐྱོར་ཡོང་བར་ཐུགས་རེ་གནང་གི་ཡོད་སྐོར་འཁོད་ཡོད་

པ་རེད། མཛད་སྒོའི་ཐོག་ཏུ་བཀའ་བློན་ཁྲི་པ་ཟམ་གདོང་རིན་པོ་ཆེ་མཆོག་གིས་ད་ལྟའི་བོད་ནང་གི་གནས་

སྟངས་དང༌། དབུ་མའི་ལམ་གྱི་བྱུང་རིམ་སོགས་ངོ་སྤྲོད་གསུང་བཤད་གནང་བ་དང༌། སྤྱི་འཐུས་ཚོགས་གཙོ་

ཀརྨ་ཆོས་འཕེལ་མཆོག་གིས་བཙན་བྱོལ་བོད་གཞུང་གི་དམིགས་བསལ་ཚོགས་ཆེན་ཐེངས་དང་པོའི་སྐོར་

ངོ་སྤྲོད་གསུང་བཤད་གནང་ཡོད་པ་རེད།།

དཀར་མཛེས་སུ་ཞི་རྒོལ་བར་ཁྲིམས་ཆད།
    བོད་ས་གང་སར་ལོ་འདིའི་ལོ་སྟོད་ཙམ་ལ་ཞི་རྒོལ་ཁྲོད་ཞུགས་མཁན་ཚོར་རིམ་བཞིན་ཁྲིམས་ཐག་གཅོད་

བཞིན་ཡོད་པ་དང༌།    ཉེ་བའི་ཆར་དཀར་མཛེས་ཁུལ་ནས་ཞི་བའི་ཡར་ལངས་ཁྲོད་ཞུགས་མཁན་རྣམས་ལ་

དཀར་མཛེས་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ནས་རིམ་བཞིན་ཁྲིམས་ཐག་གཅོད་བཞིན་ཡོད་པ་རེད། དེ་

ཡང་ཕྱི་ཟླ་༤ ཚེས་༢༣ ཉིན་ངོ་རྒོལ་སྐད་འབོད་བྱེད་མཁན་གྱི་གྲས་སུ་ཡོད་པ་དཀར་མཛེས་བྲག་དཀར་བཙུན་

དགོན་གྱི་བཙུན་མ་བསོད་ནམས་བདེ་སྐྱིད་རང་ལོ་༣༢ ཡིན་པ་ཁོང་ལ་ཕྱི་ཟླ་༡༡ ཚེས་༧ ཉིན་དཀར་མཛེས་

ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་ནས་ལོ་༣ གྱི་ཁྲིམས་ཐག་བཅད་ཡོད་པ་དང༌། དགོན་པ་དེ་ཉིད་ནས་

ཡིན་པ་བཙུན་མ་ཐུབ་བསྟན་སྒྲོལ་མ་ཕྱི་ཟླ་༥ ཚེས་༡༡ ཉིན་འཛིན་བཟུང་བྱས་པ་ཁོང་ལ་ལོ་༤ ཁྲིམས་ཐག་བཅད་

ཡོད་པ་རེད།

    ཕྱི་ཟླ་༥ ཚེས་༡༨ ཉིན་ངོ་རྒོལ་སྐད་འབོད་བྱས་པར་བརྟེན་དཀར་མཛེས་དགོན་པའི་གྲྭ་དཔལ་ལྡན་འཕྲིན་

ལས་ལ་ཕྱི་ཟླ་༡༡ ཚེས་༡༤ ཉིན་ལོ་༧ གྱི་ཁྲིམས་ཐག་བཅད། ཕྱི་ཟླ་༦ ཚེས་༡༡ ཉིན་ངོ་རྒོལ་སྐད་འབོད་བྱས་

ནས་འཛིན་བཟུང་བྱས་པ་དཀར་མཛེས་འང་བཟང་གྲོང་ནས་ཡིན་པ་དཔལ་ལྡན་དབང་རྒྱལ་རང་ལོ་༢༠ ཡིན་

པ་ཁོང་ལ་ཉེ་བའི་ཆར་ལོ་༣ གྱི་ཁྲིམས་ཐག་བཅད། དཀར་མཛེས་ཁང་དམར་དགོན་གྱི་གྲྭ་པ་ཚེ་རིང་ཕུན་

ཚོགས་རང་ལོ་༤༢ ཡིན་པ་ཁོང་གིས་ཕྱི་ཟླ་༦ ཚེས་༢༢ ཉིན་ངོ་རྒོལ་སྐད་འབོད་བྱས་ནས་འཛིན་བཟུང་བྱས་

པ་དང༌། ཉེ་བའི་ཆར་ལོ་གཉིས་དང་ཕྱེད་ཀྱི་ཁྲིམས་ཐག་བཅད་ཡོད་འདུག     ཁང་དམར་དགོན་གྱི་གྲྭ་ཤེས་

རབ་ལའང་ཉེ་བའི་ཆར་ལོ་༣ གྱི་ཁྲིམས་ཐག་བཅད་ཡོད་པ་དང༌། དགའ་ལྡན་ཆོས་གླིང་དགོན་པའི་བཙུན་

མ་རྡོ་རྗེ་མཁའ་འགྲོ་ལ་ཕྱི་ཟླ་༡༡ ཚེས་༡༩ ཉིན་ལོ་༧ གྱི་དུས་བཀག་ཁྲིམས་ཐག་བཅད་ཡོད་པ་རེད། ཁོང་གིས་

ཕྱི་ཟླ་༥ ཚེས་༡༤ ཉིན་ངོ་རྒོལ་དང་འཛིན་བཟུང་བྱས་པ་ཞིག་ཡིན་འདུག   ད་དུང་ཤེས་རྟོགས་མ་བྱུང་བའང་

མང་པོ་ཞིག་ལ་ཁྲིམས་ཐག་གཅོད་བཞིན་ཡོད་པའི་གནས་ཚུལ་འདུག

    ཕྱི་ཟླ་༡༡ པའི་ཟླ་མཇུག་ཙམ་ལ་དཀར་མཛེས་ཁང་དམར་དགོན་པའི་གྲྭ་རང་ལོ་༣༧ ཡིན་པ་གསེར་དགའ་

ལ་ལོ་གཅིག་དང་ཟླ་བ་དགུའི་ཁྲིམས་ཐག་བཅད་པ་དང༌། ཡང་དགོན་པ་དེའི་གྲྭ་པ་རང་ལོ་༢༧ ཡིན་པ་ཡེ་ཤེས་

དར་རྒྱས་ལ་ཁྲིམས་ཐག་ལོ་གསུམ་བཅད་ཡོད་འདུག ཁོང་གཉིས་ཕྱི་ཟླ་༦ ཚེས་༢༢ ཉིན་དཀར་མཛེས་སུ་ངོ་

རྒོལ་སྐད་འབོད་བྱེད་མཁན་གྱི་གྲས་སུ་ཡོད་པ་དང་ཉིན་དེ་རང་དུ་འཛིན་བཟུང་བྱས་པ་ཡིན་འདུག དེ་བཞིན་

བོད་ཀྱི་ས་གནས་གང་སར་ཞི་བའི་ལས་འགུལ་ཁྲོད་ཞུགས་མཁན་གྱི་བོད་མི་ཚོར་ཁྲིམས་ཆད་གཏོང་བཞིན་ཡོད་

པ་རེད།།
གསེར་རྟ་རྫོང་ནས་བོད་མི་གསུམ་ལ་ཁྲིམས་ཆད།

    འབྲེལ་ཡོད་བརྒྱུད་གནས་ཚུལ་འབྱོར་གསལ་ལྟར་ན། ཕྱི་ཟླ་༣ པའི་ནང་གསེར་རྟ་ཕུག་གུ་ཤང་ནས་སེར་སྐྱ་

མི་མང་བརྒྱ་ཕྲག་དུ་མས་བོད་ཀྱི་རྒྱལ་དར་དང་ྋགོང་ས་མཆོག་གི་སྐུ་པར་ཐོགས་ནས། ྋགོང་ས་མཆོག་བོད་

དུ་ཕེབས་འཇུག་དགོས་པ་དང༌། པཎ་ཆེན་ཆུང་སྲིད་རིན་པོ་ཆེ་གློད་གྲོལ་དགོས་པ།  བོད་རང་བཙན་ཡིན་པ་

སོགས་ཀྱི་འབོད་ཚིག་སྒྲོག་བཞིན་ཞི་བའི་ངོ་རྒོལ་བྱས་ཡོད་པ་དང༌། རྫོང་དང་ས་ཐག་ཅུང་རིང་བས་དམག་མི་

ལམ་སང་སླེབས་མེད་ན་ཡང་སྤྱིའི་ཆ་ནས་དམག་མི་ཡོང་ཡོད་པ་མ་ཟད། ལམ་ཁར་ཁེལ་བའི་ཁེ་སྐོར་ཤང་གི་

སློབ་གྲྭའི་སྒོ་ཆེན་ཐོག་བོད་དར་བཙུགས་པ་རྒྱ་དམག་གིས་འབེབས་གྲབས་བྱེད་སྐབས་མི་མང་བརྒྱ་ཕྲག་མང་

པོས་ཞི་རྒོལ་བྱས་པར་རྒྱ་དམག་གིས་མི་མང་ཁྲོད་མེ་མདའ་འཕང་སྟེ་ཚེ་ཤུལ་སྡེ་བའི་མི་གཅིག་བསད་པ་དང༌།

གཞན་མང་པོར་རྨས་སྐྱོན་དང༌། བཙོན་ཁང་དུའང་ཁྲིད་འདུག དུས་མཚུངས་སུ་ཕུག་གུ་དང་ལམ་བར་གྱི་མི་

མང་ནས་རྒྱ་དམག་བཀག་འགོག་ཆེད་ཟམ་པ་གཅོད་པ་དང་སྐྱེས་པ་མང་པོ་ཧྲག་སྒྲུག་གིས་རི་ལ་འབུད་པ་དང༌། དགེ་འདུན་པ་མང་པོ་ལམ་ཁ་ནས་ཆོས་གོས་མནབས་ཏེ་ཞི་བའི་ངོ་རྒོལ་གནང་བ་སོགས་རྒྱ་གཞུང་གིས་ཐད་

འཕུར་གནམ་གྲུ་བཞིས་མཚོན་དམག་མིས་དྲག་གནོན་བྱས་ཡོད་པ་དང༌། ལྷག་པར་དུ་སྐད་གྲགས་ཡོད་པའི་མི་

སྣ་ཚབ་ཚའི་རིག་བདག་དང་སྨན་སྐྱབས། རོག་བཟའ་སྡེ་བའི་གོ་བསོད་བཅས་ལ་ལས་འགུལ་སྣེ་ཁྲིད་པའི་ཉེས་

འཛུགས་འོག་འཛིན་བཟུང་བཀའ་རྒྱ་བཏང་སྟེ་རྩིས་སྤྲོད་བྱེད་མཁན་བྱུང་ན་རྒྱ་སྒོར་འབུམ་གཅིག་བྱ་དགའ་སྤྲོད་

རྒྱུ་ཡིན་པའི་གསལ་བསྒྲགས་བྱས་པ་དང༌། རྗེས་སུ་ཁོང་གསུམ་དཀར་མཛེས་ཁུལ་ནས་འཇུ་བཟུང་གིས་༢༠༠༨

ཟླ་༡༢ པའི་ཚེས་འགོ་བར་གར་ཡོད་ནང་མིས་ཀྱང་ཤེས་རྟོགས་ཐུབ་མེད་ནའང༌། ཟླ་འདིའི་ཚེས་༡ ཉིན་ནང་

མི་འགའ་ཤས་ཤིག་གསེར་རྟ་རྫོང་དུ་སྐད་བཏང་ནས་ཁོང་གསུམ་ལ་རྒྱ་སྒོར་ཁྲི་བཅུའི་ཉེས་ཆད་བཅད་པ་དང༌། ད་དུང་ཉེས་རྡུང་ཚབས་ཆེན་བཏང་བས་ནང་མིས་ཀྱང་ངོ་མི་ཤེས་པའི་ཚོད་ལ་སླེབས་འདུག ཚབ་ཚའི་རིག་

བདག་ལ་ནད་གཞི་ལྕི་མོ་ཞིག་ཕོགས་ནས་ཉེས་ཆད་གཅོད་སྐབས་སུ་དམག་མིས་ཁུར་ནས་ཡོང་དགོས་ཐུག་

འདུག་ན་ཡང༌། ད་བར་སྨན་བཅོས་གང་ཡང་བྱས་མི་འདུག སྐབས་དེར་ནང་མིར་ཐུག་འཕྲད་ཙམ་ལས་ཕན་

ཚུན་སྐད་ཆ་ཤོད་པའི་གོ་སྐབས་སྤྲད་མི་འདུག ཟླ་འདིའི་ཚེས་༣ ཉིན་གསང་བའི་སྒོ་ནས་སྨན་སྐྱབས་ལ་ལོ་

གཉིས་དང་ཕྱེད་ཀ གོ་བསོད་ལ་ལོ་གཉིས། ཚབ་ཚའི་རིག་བདག་ལ་ལོ་གཅིག་བཅས་ཀྱི་ཁྲིམས་ཐག་བཅད་

འདུག     ཚབ་ཚའི་རིག་བདག་ནི་༡༩༩༥ ལོ་གསེར་རྟ་རྫོང་གི་རྒྱན་གོས་འགྲན་སྡུར་ཐོག་ཨང་དང་པོ་ཐོབ་

ཡོད་ན་ཡང༌། ྋགོང་ས་མཆོག་གི་སྐུ་པར་བཏགས་ཡོད་པའི་རྒྱུ་མཚན་གྱིས་བྱ་དགའ་ཨང་དང་པོ་མ་སྤྲད་

པའི་གླེང་ཕྱོགས་བྱུང་ཡོད་པ་དང༌།དེ་རྗེས་ྋགོང་ས་མཆོག་གི་ཐུགས་དགོངས་དང་མི་མཐུན་པ་ཤེས་རྗེས་

རྒྱ་གཞུང་གི་སྔར་རྒྱུན་ལྟར་རྒྱན་གོས་འགྲན་བསྡུར་ལ་འགྲོ་དགོས་ཞེས་བཤད་མིན་མ་ལྟོས་པར་ཞུགས་མེད་

པ་མ་ཟད། ༢༠༠༦ ལོར་ྋགོང་ས་མཆོག་གིས་བཀའ་སློབ་ཕེབས་དོན་བཞིན་ཁོང་དང་གོ་བསོད་གཉིས་ཀྱིས་

སྣེ་ཁྲིད་ནས་གསེར་རྟ་རྫོང་ཕུག་གུ་ཤང་དུ་རྒྱ་སྒོར་ཁྲི་སུམ་བརྒྱའི་མ་གནས་ཀྱི་པགས་རིགས་མེ་སྲེག་གི་ལས་

འགུལ་སྤེལ་བས་ཁོང་ལ་ཉེན་རྟོག་པས་འདྲི་དཔྱོད་དང་ཉེས་ཆད་བཀལ་བ་སོགས་མདོར་ན་ཁོང་ནི་ཡུལ་

མིའི་མཐོང་དང་ཆ་འཇོག་ཆེན་པོ་ཡོད་པ་དང༌། རྒྱུན་དུ་ྋགོང་ས་མཆོག་གི་ཅི་གསུང་བཀའ་སྒྲུབ་ཞུ་མཁན་

ཞིག་ཡིན་པ་རེད། སྨན་སྐྱབས་ནི་ཁོང་གི་ནང་གཅིག་པའི་ཚ་བུ་ཡིན་པ་དང༌། གོ་བསོད་ནི་ཁོང་གི་ཚོང་རོགས་

ཡིན་པ་རེད།།

མདོ་སྨད་རེབ་གོང་དུ་མི་དགུ་ལ་ཁྲིམས་ཆད།     ཀླུ་འབུམ་བཀྲ་ཤིས་ལགས་ཀྱིས་གནས་ཚུལ་མཁོ་སྤྲོད་

གནང་བ་ལྟར་ན། འདི་ལོའི་ཞི་རྒོལ་ཆེན་མོའི་སྐབས་རྒྱ་ནག་གཞུང་གི་འབྲེལ་ཡོད་ཉེན་རྟོག་པ་དང་དམག་

མི། བདེ་སྲུང་ལས་ཁུངས་སོགས་ཀྱིས་འཛིན་བཟུང་བཀག་ཉར་འོག་ཡོད་རིགས་ལས།     ད་ལམ་མདོ་སྨད་

རེབ་གོང་ནས་གཤམ་གསལ་མི་གྲངས་དགུ་ལ་ཁྲིམས་ཐག་བཅད་པ་ཁྱབ་བསྒྲགས་བྱས་འདུག་ཅིང༌། ཁོང་

ཚོའི་ནག་ཉེས་ནི། ཞི་བའི་ངོ་རྒོལ་གྱི་ལས་འགུལ་ནང་ངོ་རྒོལ་བ་ཚོའི་སྣེ་ཁྲིད་གཙོ་བོའི་ལས་ཀ་བྱས་པ་དང༌།

ངོ་རྒོལ་སྐབས། ྋརྒྱལ་བ་རིན་པོ་ཆེ་བོད་ལ་ཕེབས་འཇུག་དགོས། བོད་ལ་རང་བཙན་དང་རང་དབང་སྤྲོད་

དགོས། བོད་རྒྱ་ཞི་མོལ་མྱུར་དུ་བྱེད་དགོས་པ་སོགས་ཀྱི་སྐད་འབོད་བྱས་པ་ནི་རྒྱལ་ཁབ་ལ་ངོ་རྒོལ་དང༌། སྤྱི་ཚོགས་བརྟན་ལྷིང་ལ་གཏོར་བཤིག་གི་ལས་འགུལ་ཞིག་ཡིན་པར་ངོས་འཛིན་དང་བཅས་ཏེ་ཁོང་ཚོར་

ཁྲིམས་ཐག་བཅད་པའི་སྐོར་ཡོངས་བསྒྲགས་བྱས་ཡོད་འདུག         ད་ལམ་ཁྲིམས་ཐག་བཅད་པའི་མི་གྲངས་

དགུ་པོ་ནི། ཀླུ་ཆུའི་གཅོད་པ་ཐར་ལ་ལོ་༣ དང༌། དེ་བཞིན་རེབ་གོང་ཕྱོགས་ནས་ཞི་རྒོལ་ལས་འགུལ་སྔ་རྗེས་

སུ་སྤེལ་སྐབས་འཛིན་བཟུང་བྱས་པ། བྱེ་དྲིའི་ཤ་བོ་ཀླུ་རྒྱལ་ལ་ལོ་༢ སྡོང་ངེ་ནམ་མཁའ་ཚེ་རིང་ལ་ལོ་༢ སྡོང་

ངེ་ཤ་བོ་བཀྲ་ཤིས་ལ་ལོ་༡ དང་ཟླ་༦ ངོ་མོ་བཀྲ་ཤིས་རྒྱལ་ལ་ལོ་༢ རོང་པོ་དགོན་པའི་གྲྭ་སྦྱིན་པ་ལ་ལོ་༡ དང་

ཟླ་༦ ཀོའུ་སྡེའི་སྐར་རྒྱམ་ལ་ལོ་༡ རྒྱལ་པོ་སྒང་ཆོས་ལྡན་ལ་ལོ་༢ ཧོར་ནག་ཤ་བོ་རིན་ཆེན་ལ་ལོ་༢ བཅས་ཀྱི་

ཁྲིམས་ཐག་བཅད་ཡོད་པ་ཉིན་ཤས་སྔོན་ཁྱབ་བསྒྲགས་བྱས་ཡོད་འདུག།

ཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེས་བོད་དོན་གླེང་བ།

ཕྷ་རན་སིའི་གསར་ཁང་ཞིག་ནས་བརྗོད་གསལ་ལྟར་ན། ཟླ་འདིའི་ཕྱི་ཚེས་༡༣ ཉིན་མཉམ་འབྲེལ་རྒྱལ་ཚོགས་

ཀྱི་སྤྱི་ཁྱབ་དྲུང་ཆེ་བྷན་ཀི་མོན་མཆོག་གིས་རྒྱ་ནག་ལ་ྋགོང་ས་མཆོག་དང་ལྷན་དུ་མུ་མཐུད་ནས་ཞི་འགྲིག་

ཡོང་ཐབས་དང༌། རྒྱ་ནག་གཞུང་གིས་བོད་རྒྱའི་གནད་དོན་དེ་ཞི་མོལ་གྱི་ལམ་ནས་སེལ་ཐབས་ལ་རེ་བ་ཡོད་

ཅེས་གསུངས་ཡོད་འདུག    དེ་སྔོན་བོད་རྒྱ་ཞི་མོལ་ཐ་མ་དེ་རྒྱ་ནག་རྒྱལ་ས་པེ་ཅིང་དུ་གྲུབ་འབྲས་གང་ཡང་

མེད་པའི་ངང་མཇུག་བསྒྲིལ་བ་དང་འབྲས་བུ་མ་ཐོན་པའི་འབྲེལ་མོལ་དེ་ནི་ཕྱོགས་གཉིས་ཀས་ཕན་ཚུན་ཁག

་འགེལ་རེས་ཀྱིས་ད་བར་འགྱུར་བ་གང་ཡང་མེད་པར་ལྷག་ཡོད་པ་རེད། དེ་ཡང་འཐབ་ཕྱོགས་གཅིག་གྱུར་

ཁང་གི་བློན་ཆེན་གཞོན་པ་ཀྲུའུ་ཝེ་ཆོན་གྱིས་ང་ཚོའི་འབྲེལ་བ་དང་གྲོས་མོལ་ལ་ཡར་རྒྱས་མེད་པའི་འགན་

དེ་ཏཱ་ལའི་བླ་མའི་སྐུ་ཚབ་ཚོས་ཁུར་དགོས་ཞེས་བཤད་པ་དང༌། དེ་རྗེས་ཕྱི་ཟླ་༡༡ པའི་ཚེས་༡༧ ནས་༢༢ བར་

བོད་མི་བཙན་བྱོལ་བ་ས་ཕྱོགས་གང་ས་ནས་འཛོམས་པའི་བོད་མིའི་འཐུས་ཚབ་༥༦༠ ཙམ་གྱིས་ཛ་དྲག་གི་

ཚོགས་ཆེན་ཞིག་འཚོགས་ནས་ལོ་ངོ་༣༠ རིང་གི་བོད་རྒྱ་ཞི་མོལ་ལ་འགྱུར་བ་མེད་པ་ནི་རྒྱ་ནག་གི་ལན་པ་

རེད་ཅེས་མཇུག་བསྒྲིལ་ཡོད་པ་རེད། འོན་ཀྱང་རྒྱལ་ཚོགས་ཀྱི་དྲུང་ཆེ་བྷན་ཀི་མོན་མཆོག་གིས་བོད་རྒྱ་གཉིས་

ཀྱི་དཀའ་རྙོག་འདི་ཞི་འཇམ་ངང་འགྲིག་ཐབས་ཡོང་སླད་གྲོས་མོལ་དེ་མུ་འཐུད་ཡོང་བའི་རེ་བ་ཡོད་སྐོར་

གསུངས་ཡོད་པའི་གནས་ཚུལ་སྤེལ་འདུག།

 

Back

Search site

© 2012 All rights reserved. No information or images from this website can be copied or used for any purpose without permission from "KonchoK..com

དཀོན་མཆོག་བོད་རང་བཙན་དྲ་ཚིགས།