དམངས་གླུ། ༧

25/10/2009 16:32

དམངས་གླུ་ཆུ་མིག་དགུ་སྒྲིལ། ༧


228

མགོ་རབ་གསལ་ནང་གི་དམར་སེར་བོ།།

ངས་བལྟས་ན་ཁྲི་ཐོག་བླ་མ་རེད།།

ཤེལ་དཀར་བོའི་ནང་གི་ལྗང་སྔོན་པོ།།

ངས་བལྟས་ན་རྒྱ་ཇ་ཡུངས་འཛིན་རེད།།

སྦྲ་གྲུ་བཞིའི་ནང་གི་མདའ་སྨྱུག་པོ།།

ངས་བལྟས་ན་ཆུང་དུས་རོགས་ལོ་རེད།།

རྒན་ཚེ་ཐག་རིང་གི་སྨོན་ལམ་འདེབས།།

229

ལྷ་གཉན་པོ་རང་གི་སྐྱེས་ལྷ་རེད།།

ཆང་བདུད་རྩིའི་མཆོད་ཁ་ལན་གསུམ་འཕེན།།

ཤིང་གཉན་པོ་ཀྱལ་ཏ་དམར་བོ་རེད།།

བལ་དཀར་བོའི་རྨུ་ཐག་ལན་གསུམ་འཐེན།།

གྲལ་གཉན་པོ་འདིར་ཚོགས་ཁྲོམ་པ་རེད།།

གླུ་སྙན་མོའི་མཆོད་ཁ་ལན་གསུམ་འཕེན།།

230

བན་སེར་མོ་དབུས་ལ་འགྲོ་ནི་ཚོ།།

དབུས་ཕར་འགྲོ་མ་སླ་རུང་ཚར་འོང་དཀའ།།

ཚུར་ཡོང་སྔོན་ན་ཆོས་ཤིག་དགོས།།

ཆོས་མེད་ན་ངང་བ་སེར་བོ་རེད།།

 

སྟག་ཤར་ཇག་ལ་འགྲོ་ནི་ཚོ།།

ཇག་པར་འགྲོ་སླ་རུང་ཚུར་འོང་དཀའ།།

ཚུར་ཡོང་སྔོན་ན་རྒྱུ་ཞིག་དགོས།།

རྒྱུ་མེད་ན་རི་སྤྱང་སྔོན་མོ་རེད།།

 

མ་བུ་མོ་གཉིས་ལ་འགྲོ་ནི་ཚོ།།

གནས་ཕར་འགྲོ་སླ་རུང་ཚུར་འོང་དཀའ།།

ཚུར་ཡོང་སྔོན་ན་མ་ཞིག་དགོས།།

མ་མེད་ན་སྐྱ་ཀ་ཁྲ་མོ་རེད།།

231

གླུ་ལེན་ན་དགུང་སྔོན་གནམ་ལ་ལེན།།

གླུ་དགུང་སྔོན་གནམ་ལ་མ་བླངས་ན།།

མགོ་རྨོག་དཀར་མདའ་ར་གཏད་ས་རེད།།

 

གླུ་ལེན་ན་བར་སྣང་ཁམས་ལ་ལེན།།

གླུ་བར་སྣང་ཁམས་ལ་མ་བླངས་ན།།

རྒྱབ་ཁྲབ་དཀར་བར་སྣང་མི་ཤོང་གི།

 

གླུ་ལེན་ན་དོག་མོ་ས་ལ་ལེན།།

གླུ་དོག་མོ་ས་ལ་མ་བླངས་ན།།

རྐང་སག་ལྷམ་ས་གཞིར་མི་ཤོང་གི།

232

བྲག་མདར་ཡག་སྒོ་ཁའི་བྱ་རྒྱལ་རྒོད།།

སྒྲོ་གཤོག་བར་སྣང་བརྒྱངས་ནོ་འདི།།

སར་ལྷུང་འགྲོ་བསམ་ནི་མ་རེད་ད།།

བྱ་རང་གི་ནམ་འཕང་གཅོད་ཚུལ་རེད།།

 

གངས་དཀར་ཟུག་གི་གཡུ་རལ་ཅན།།

འདི་གངས་དཀར་དཀྱིལ་ནས་འགྱིང་ནོ་འདི།།

སྟག་དར་མར་སྐྲག་ནི་མ་རེད་ད།།

སེང་དཀར་མོ་རང་གི་འགྱིང་ཚུལ་རེད།།

 

ཁྲོམ་པའི་དཀྱིལ་གི་གླུ་བ་ངས།།

གླུ་ཚད་ཚད་བྱས་ནས་བླངས་པ་འདི།།

གླུ་ཚར་འགྲོ་བསམ་ནི་མ་རེད་ད།།

ང་གླུ་བར་རང་གི་ལེན་ཕྱོགས་རེད།།

233

སྟག་ཤ་རར་དགོས་དགོས་སྤུན་ཞིག་དགོས།།

སྤུན་རྒྱ་སྟག་འདྲ་ཞིག་རྒྱབ་ན་དགོས།།

དགྲ་ལྷག་པ་མེད་རུང་ཉམས་རེ་དགའ།།

 

རྟ་འདོ་བར་དགོས་དགོས་ཤ་ཞིག་དགོས།།

ཤ་གྲུ་གུ་འདྲ་ཞིག་དྲུག་ན་དགོས།།

རྒྱུག་ལྷག་པ་མེད་རུང་ཉམས་རེ་དགའ།།

 

མ་བུ་མོར་དགོས་དགོས་མ་ཞིག་དགོས།།

མ་མར་ཁུ་འདྲ་ཞིག་གཞུག་ན་དགོས།།

གཡུག་ལྷག་པ་མེད་རུང་ཉམས་རེ་དགའ།།

134

གླུ་མོ་མ་བླངས་ནས་མཆོད་གཅིག་འཕེན།།

ཕ་ཨ་ཁུའི་ཕོ་ལྷ་དགྲ་ལྷ་མཆོད།།

དགྲ་ཁིས་ནས་རྫོགས་པའི་གླུ་ཞིག་ལེན།།

 

གླུ་བར་མ་བླངས་ནས་མཆོད་གཉིས་འཕེན།།

ནང་ན་ཟླའི་ཁ་ལས་རླུང་རྟ་མཆོད།།

འདིའི་བསམ་དོན་འགྲུབ་པའི་གླུ་ཞིག་ལེན།།

གླུ་གཞུག་མ་བླངས་ནས་མཆོད་གསུམ་འཕེན།།

མ་སྲུ་མོའི་ཟས་ལྷ་དགྲ་ལྷ་མཆོད།།

 

         ཟས་རང་འགྲུབ་ཡིན་པའི་གླུ་ཞིག་ལེན།།

Back

Search site

© 2012 All rights reserved. No information or images from this website can be copied or used for any purpose without permission from "KonchoK..com

དཀོན་མཆོག་བོད་རང་བཙན་དྲ་ཚིགས།