དམངས་གླུ། ༦

25/10/2009 16:29

དམངས་གླུ་ཆུ་མིག་དགུ་སྒྲིལ། ༦


218

སྟོད་ཀྱི་རི་འདི་སྟོན་པའི་རི།།

སྟོན་པའི་རི་ལ་ཕྱག་གསུམ་འཚལ།།

བར་གྱི་ཐང་འདི་དཀྱིལ་འཁོར་ཐང་།།

དཀྱིལ་འཁོར་ཐང་ལ་སྐོར་གསུམ་རྒྱག།

སྨད་ཀྱི་མཚོ་འདི་མར་ཁུའི་མཚོ།།

མར་ཁུའི་མཚོ་ལ་སྡོང་གསུམ་འཛུགས།།

219

སྟོད་བ་གམ་སེར་བོ་གསེར་གྱི་རི།།

གསེར་གྱི་རི་ལ་ཉི་མ་ཤར།།

རི་ཞིག་ལ་ཤར་ན་རྒྱལ་ཁམས་དྲོ།།

 

བ་སོ་དཀར་བོ་དུང་གི་རི།།

དུང་གི་རི་ལ་ཟླ་བ་ཚེས།།

རི་ཞིག་ལ་ཚེས་ན་རྒྱལ་ཁམས་གསལ།།

 

སྨད་མདའ་སྨུག་པོ་མཆོང་གི་རི།།

མཆོང་གི་རི་ལ་མར་ཁུ་འཁྱིལ།།

རི་ཞིག་ལ་འཁྱིལ་ན་རྒྱལ་ཁམས་སྣུམ།།

220

སེར་བོ་གསེར་གྱི་ཁྲི་ཐོག་ན།།

ཡོན་ཏན་ཅན་གྱི་བླ་མ་སྐྱིད།།

གོམ་པ་ཅན་གྱི་རྟ་ཐོག་ན།།

སྐྱ་རྩལ་ཅན་གྱི་བུ་ཆུང་སྐྱིད།།

རི་མོ་ཅན་གྱི་གོས་ནང་ན།།

མགྲོན་ལས་ཅན་གྱི་སྲིང་ཆུང་སྐྱིད།།

221

དབྱར་ཟླ་གསུམ་གྱི་དང་བོ་ལ།།

མེ་ཏོག་སེར་ཆེན་ཁ་ལ་ཟེའུ་འབྲུ་འཁྲུངས།།

དེ་དབྱར་གསུམ་ལྷ་ཡི་མཆོད་པ་རེད།།

དབྱར་གསུམ་ལྷ་ལ་མ་ཕུལ་ན།།

དབྱར་གསུམ་ཚད་པས་འཁྱེར་རྒྱུ་རེད།།

 

སྟོན་ཟླ་གསུམ་གྱི་དང་པོ་ལ།།

རྩྭ་ཚིགས་དྲུག་རྩེ་ལ་འབྲུ་དྲུག་འཁྲུངས།།

དེ་སྟོན་གསུམ་ལྷ་ཡི་མཆོད་པ་རེད།།

སྟོན་གསུམ་ལྷ་ལ་མ་ཕུལ་ན།།

སྡེ་བརྒྱད་ཆར་གྱིས་འཁྱེར་རྒྱུ་རེད།།

 

དགུན་ཟླ་གསུམ་གྱི་དང་བོ་ལ།།

ཆུ་རྒྱ་མཚོའི་ཁ་ལ་འགྲམ་དར་ཆགས།།

དེ་དགུན་གསུམ་ལྷ་ཡི་མཆོད་པ་རེད།།

དགུན་གསུམ་ལྷ་ལ་མ་ཕུལ་ན།།

དགུན་གསུམ་རྡུལ་གྱིས་འཁྱེར་རྒྱུ་རེད།།

222

རི་མཐོན་པོའི་མགོ་ལ་འཇའ་ཞིག་ཤར།།

ལྷ་བླ་མར་མཇལ་གི་རྟེན་འབྲེལ་རེད།།

ཆུ་རྨ་ཆུའི་ཁ་ལ་རྨ་དར་ཆགས།།

ཚོང་ཁེ་བ་ཡོད་གི་རྟེན་འབྲེལ་རེད།།

རྩྭ་རྩི་ཤིང་མགོ་ལ་ཟེའུ་འབྲུ་ཆགས།།

ཟས་སྦྲང་རྩི་ཡག་གི་རྟེན་འབྲེལ་རེད།།

223

སྟོད་དབུས་གཙང་བླ་མ་སྐུ་ཡོན་ཅན།།

གདུགས་སེར་བོའི་འོག་ནས་བཀའ་ཆོས་གསུང་།།

བར་ཨ་མདོའི་ཨ་ཁུ་སྐུ་ཚེ་ཅན།།

འདུ་ཚོགས་ཁྲོམ་ནས་ཁ་མཚར་གསུང་།།

སྨད་རྒྱ་ནག་རྒྱལ་བོ་སྐུ་བསོད་ཅན།།

ལྕགས་མཁར་ནང་ནས་ལས་འབྲས་གསུང་།།

224

དབུས་ཇོ་བོ་ཡིད་བཞིན་ནོར་བུ་འདི།།

བཟོ་རྒྱལ་བི་ཤྭ་ཀརྨས་བཞེངས།།

སྟོད་ལྷ་ཆེན་ཚངས་པས་སྦྱིན་བདག་བྱས།།

ལྷ་ཤྰཀྱ་ཐུབ་པས་རབ་གནས་བྱས།།

ལྷ་བྱིན་རླབས་ཆེ་བ་དེའི་དོན་ཡིན།།

 

མཚོ་མ་ཕམ་གཡུ་མཚོ་སྔོན་མོ་འདི།།

ཀླུ་རྒྱལ་མ་དྲོས་བདག་པོས་བསྐྱེད།།

འདིར་ཆུ་སྣ་སྟོང་གིས་སྦྱིན་བདག་བྱས།།

དབྱར་གསུམ་ཆར་གྱིས་རབ་གནས་བྱས།།

མཚོ་ཁ་ཞེང་ཆེ་བ་དེའི་དོན་ཡིན།།

 

ལོ་གཅིག་གི་ལོ་ཆང་ཁམ་པ་འདི།།

གླིང་གི་སེང་ཆེན་འབྲུག་མོས་བཙགས།།

སྔོན་མོ་ནས་ཀྱིས་སྦྱིན་བདག་བྱས།།

ཕབས་རྩི་སྟོང་གིས་རབ་གནས་བྱས།།

ཆང་བཟི་སྟོབས་ཆེ་བ་དེའི་དོན་ཡིན།།

225

ང་དེང་མ་ཨ་མའི་ཨ་ལོ་རེད།།

རྟ་གྱོ་དཀར་རྒྱུག་རྒྱུ་དཀའ་མོ་རེད།།

ང་དེང་མ་བྱིས་པ་ཆུང་ཆུང་རེད།།

གླུ་ཁ་མཚར་ལེན་རྒྱུ་སླ་མོ་རེད།།

226

སྟོད་དབུས་གཙང་ཡུལ་ནས་གུར་ཞིག་ཕུབ།།

གུར་སྒོ་མ་ཕྱེས་ལོ་གསུམ་འགོར།།

སྒོ་ཕྱེ་གི་ཉི་མ་དེ་རིང་རེད།།

གུར་ཕྱི་ནང་ཐབསམ་ཅད་ཆོས་ཀྱིས་གང་།།

ཆོས་གླེགས་ཐག་བཀྲོལ་ནས་འདོན་རྐྱང་རེད།།

 

སྨད་རྒྱ་ནག་ཡུལ་ནས་གུར་ཞིག་ཕུབ།།

གུར་སྒོ་མ་ཕྱེས་ལོ་གསུམ་འགོར།།

སྒོ་ཕྱེ་གི་ཉི་མ་དེ་རིང་རེད།།

གུར་ཕྱི་ནང་ཐམས་ཅད་གོས་ཀྱིས་གང་།།

གོས་གོང་བ་བཏགས་ནས་གོན་རྐྱང་རེད།།

 

ཁྲོམ་པའི་དཀྱིལ་ནས་གུར་ཞིག་ཕུབ།།

གུར་སྒོ་མ་ཕྱེས་ལོ་གསུམ་འགོར།།

སྒོ་ཕྱེ་གི་ཉི་མ་དེ་རིང་རེད།།

གུར་ཕྱི་ནང་ཐམས་ཅད་ཟས་ཀྱིས་གང་།།

ཟས་སྡེར་ཁ་བསྒྲིགས་ནས་ཟ་རྐྱང་རེད།།

227

ང་གླུ་བ་ལྷ་ཡུལ་ཁམས་གི་ཡིན།།

ལྷ་རིགས་སྟོང་གི་རྒྱལ་ཚབ་ཡིན།།

ངའི་ལག་གི་ཚེ་ཡི་བུམ་པ་འདི།།

ཕ་ཨ་ཁུ་ཚང་ལ་འབུལ་བ་ཡིན།།

རྒན་ཚེ་ཐག་གི་རིང་གི་སྨོན་ལམ་འདེབས།།

 

ང་གླུ་བ་བར་སྣང་ཁམས་གི་ཡིན།།

དགུང་ཉི་ཟླ་གཉིས་ཀྱི་རྒྱལ་ཚབ་ཡིན།།

ངའི་ལག་གི་ཉི་ཟླའི་སྒྲོན་མེ་འདི།།

སྟག་ཤ་ར་ཚང་ལ་འབུལ་བ་ཡིན།།

བློ་རིག་པ་གསལ་གི་སྨོན་ལམ་འདེབས།།

 

ང་གླུ་བ་ཀླུ་ཡུལ་ཁམས་གི་ཡིན།།

ང་ཀླུ་རིགས་སྟོང་གི་རྒྱལ་ཚབ་ཡིན།།

ངའི་ལག་གི་ཡིད་བཞིན་ནོར་བུ་འདི།།

མ་བུ་མོ་ཚང་ལ་འབུལ་བ་ཡིན།།

Back

Search site

© 2012 All rights reserved. No information or images from this website can be copied or used for any purpose without permission from "KonchoK..com

དཀོན་མཆོག་བོད་རང་བཙན་དྲ་ཚིགས།