གདོད་མིའི་དུས་

13/07/2009 10:25

ལེའུ་དང་པོ། བོད་གདོད་མིའི་དུས་རིམ།

དང་པོ། གནའ་ཤུལ་གྱིས་གསལ་བའི་བོད་ཀྱི་ལོ་རྒྱུས་ཕུ་ཐགལ་ལས་དུས་རིམ་གོང་མ་དང༌། བར་མ། འོག་མ་བཅས་

དབྱེ་བ་ཕྱེས་ཤིང༌། འགའ་རེས་རྡོའི་དུས་རབས་དང༌། ཟངས་ཀྱི་དུས་རབས། ལྕགས་ཀྱི་དུས་རབས་སོགས་གནའ་དུས་

ལ་དབྱེ་བ་མང་དུ་ཕྱེས་ཡོད།     གཤམ་གསལ་ལྟར་འཇིག་རྟེན་གདོད་མ་ནས་ལོ་དུང་ཕྱུར་རིམ་པའི་ལོ་རྒྱུས་རགས་

བཤད་ལས་ཞིབ་ཕྲ་སུས་ཀྱང་བཤད་ཐུབ་མེད།  དེའི་ཕྱིར་ངས་ཀྱང་བོད་བཙན་པོའི་དུས་རིམ་སྔོན་གྱི་ལོ་རྒྱུས་གང་

ཤེས་པ་༵༵བོད་གདོད་མའི་དུས་རིམ།ཀཀཞེས་པའི་ལེའུ་འདིའི་ནང་དུ་དབྱེ་བ་གང་ནུས་བརྗོད། འཇིག་རྟེན་འདི་གྲུབ་

ནས་ད་བར་ལོ་དུང་ཕྱུར་མང་པོའི་ཐེམ་པ་བརྒལ་ཟིན་པས་ཆགས་འཇིག་གི་འཕོ་འགྱུར་སྣ་ཚོགས་ཤིག་བྱུང་བ་སྨོས་

མེད་ཀྱང༌། ཚན་རིག་པ་དང༌། མངོན་པ་མཛོད་ལྟ་བུས་ཐོག་མའི་འཇིག་རྟེན་འདི་ཇི་ལྟར་ཆགས་ཚུལ་རོབ་བཤད་

ཙམ་བྱེད་པ་ལས། དེང་གི་བར་ཕྲེང་བའི་རྒྱུད་རིམ་བར་མ་ཆད་པར་ཞིབ་ཕྲའི་གནས་ལུགས་ཤོད་ཐུབ་མཁན་ད་བར་

ུའང་བྱུང་མེད་སྟབས། ལོ་རྒྱུས་ཤོད་པའི་རྒྱལ་ཁབ་ཚང་མའི་ལོ་རྒྱུས་ནི་དུས་རབས་གང་མཚམས་ཀྱིས་ཚོད་འཛིན་

འོག་ཤོད་དགོས་ཐུག་གི་ཡོད། དེའི་ཕྱིར་གནའ་རབས་བོད་ཀྱི་ལོ་རྒྱུས་ཀྱང་རིང་ཞིང་ཉམས་མཚར་ལྡན་པ་ཞིག་ཡོད་

ངེས་ནའང༌། ད་ཆ་བསམ་འཕེར་འོས་པའི་ལོ་རྒྱུས་ནི་དུས་རབས་ངེས་ཅན་ཞིག་ལས་འགྲོ་ཐུབ་ཀྱི་མེད། དཔེར་ན། དེང་

དུས་ཚན་རིག་པས་བོད་ཀྱི་གནའ་ཤུལ་བརྟག་དཔྱད་ཀྱིས་བོད་ཀྱི་ལོ་རྒྱུས་རགས་རིམ་འདི་ནས་ཡར་དེད་ལོ་གྲངས་

ཁྲི་བཞི་ལྔའི་དུས་རིམ་ཙམ་ཞིག་བརྒལ་གྱི་ཡོད་ཚུལ་ཙམ་ལས་ཤོད་ཐུབ་ཀྱི་མེད་ལ། ཡིག་ཐོག་ལོ་རྒྱུས་སྔོན་སྲིད་པ་

ཆགས་རབས་ནས་ཕ་སྤྲེལ་རྒན་བྱང་ཆུབ་སེམས་དཔའ་དང་མ་བྲག་སྲིན་མོ་གཉིས་ཀྱི་རྒྱུད་པ་འཕེལ་བའི་གནས་ལུགས་

རགས་བཤད་ཟིན་རྗེས་བོད་ཀྱི་ལོ་རྒྱུས་ཕུ་ཐག་རིང་ཤོས་ནི་ལོ་གྲངས་བརྒྱ་ཕྲག་དྲུག་ཅུའི་ཡས་མས་ཙམ་ལས་དེའི་གོང་

གི་དུས་རིམ་གསལ་བའི་ལོ་རྒྱུས་མེད།  གོང་གསལ་ལོ་གྲངས་ཁྲི་བཞི་ལྔ་ཙམ་གྱི་ལོ་རྒྱུས་དེ་དག་ནི་འཇིག་རྟེན་གྲུབ་པ་

ནས་བསམ་ན་དུས་ཚོད་ཧ་ཅང་གི་ཐུང་ཐུང་ཞིག་ལས་རྒྱང་ཐག་རིང་པོ་གང་ཡང་མིན། བསམ་དགོས་པ་ལ། ཁ་ཅིག་

གིས་མངའ་མཛད་ཀྱི་གོང་དུ་ཕ་སྤྲེལ་རྒན་བྱང་ཆུབ་སེམས་དཔའ་དང་མ་བྲག་སྲིན་མོ་གཉིས་ཀྱི་ལོ་རྒྱུས་དང་སྣེ་མོ་དེ་

མ་ཐག་ཏུ་འབྲེལ་ཡོད་པར་བསམ་ནས་འཆད་ན་ནོར་འཁྲུལ་ཧ་ཅང་གིས་ཆེ་བ་ཡིན་ཏེ། ཕ་སྤྲེལ་རྒན་བྱང་ཆུབ་སེམས་

དཔའ་དང་མ་བྲག་སྲིན་མོ་གཉིས་ནས་བོད་མངའ་མཛད་ཐོག་མའི་བར་ལོ་རྒྱུས་མི་གསལ་བའི་དུས་རིམ་དུང་ཕྱུར་རིམ་

པས་ཆོད་དོ། །གནའ་ཤུལ་ལ་བརྟགས་པའི་བོད་ཀྱི་ལོ་རྒྱུས་ཕུ་ཐག་རིང་ཤོས་དང༌། ཡིག་ཐོག་ཏུ་འཁོད་པའི་བོད་ཀྱི་ལོ་

རྒྱུས་ཕུ་ཐག་རིང་ཤོས་གཉིས་སོ།། དང་པོ། རིག་བྱེད་ཀྱི་གཏམ་ལྟ་བུ་སོགས་ཀྱིས་མ་བསླད་པར་བོད་ཀྱི་ལོ་རྒྱུས་བཙོ་མ་

ཆད་ན་མཚོ་སྔོན་དང༌། གཉའ་ནང་རྫོང་གི་གཡའ་ལི། སྤུ་ཧྲེང༌། དིང་རི་སོགས་བོད་གང་ས་ནས་གནའ་ཤུལ་རྙེད་པའི་

རིགས་དང༌། ལྷག་པར་ཆབ་མདོ་མཁར་རོའི་ཕྱོགས་སུ་སྔ་རྟིང་གཉིས་ལ་བསྡོམས་རྒྱ་ཁྱོན་མེས་ཊར་ངོས་སྙོམས་གྲུ་བཞི་

མ་༡༨༠༠ཙམ་བསྔོགས་ཏེ་ས་འོག་ནས་ཐོན་པའི་གནའ་རྫས་རིགས་མི་འདྲ་བ། ཁང་པའི་རྗེས་ཤུལ་ཁག་ཉེར་དགུ་དང༌།

རྡོ་རྩིག་དུམ་བུ་གསུམ། རྡོ་རྩིག་གི་སྡིང་ཆ་སྒོར་མོ་གཉིས། རྡོ་ཡི་རྭ་སྒོར་གསུམ། མེ་ཐལ་ཕུང་དོང་ཁག་བཞི། གནའ་རྫས་

རྡོ་ཆས་ངོ་གྲངས་༧༩༧༨དང༌། རུས་ཆས་ངོ་གྲངས་༣༦༨། རྫ་ལེབ་ཉིས་ཁྲི་ལྷག་ཙམ་ནས་ལྷུ་སྒྲིག་ཐུབ་པ་ངོ་གྲངས་

༤༦།རྒྱན་ཆ་དངོས་རིགས་མི་འདྲ་བ་གཉིས། རྩྭ་བསྲེས་འདམ་པའི་ཁང་པ་ལའང་སྒོར་མོ་དང༌། གྲུ་བཞི། ནར་མོ་སོགས་

བཟོ་དབྱིབས་མི་འདྲ་བ་ཡོད་ལ་ཁང་པ་དེ་ཚོའི་དབུས་སུ་སྒྱིད་རྡོ་རྐང་གསུམ་སོགས་ཀྱི་ཐབ་ཀྱང་ཡོད། ས་འོག་ནས་ཐོན་

པའི་རུས་ཆས་ནི་ཉུང་ཙམ་ཡིན་ཞིང་རུས་ཆས་ཀྱི་གྲས་སུ་སྙུང་བུ་དང༌། ཁབ། སྟ་རེ། རུས་ལེབ་སོག་ལེའི་ཁ་ཅན། རྭ་སྙུང་

སོགས་དང༌། སེམས་ཅན་གྱི་རུས་པ་མང་པོ་ཐོན་ཞིང༌། རུས་ཆས་མང་ཆེ་བ་ནི་བཟོ་དབྱིབས་ཞིབ་ཚགས་དང༌། རུས་ཁབ་

ལ་ལར་ལི་རྨིད་ཉི་ཤུ་རྩ་བཞི་ཙམ་ལས་མེད་ལ་ཁབ་མིག་ཀྱང་སྐྱོན་མེད་དུ་བསྡད་ཡོད་པས་མཐོང་བ་ཙམ་གྱིས་ཧ་ལས་

དགོས་པ་ཡོད། རྫ་ཆས་ནི་ཁོག་མ་དང༌། སླ་ང༌། ཕོར་པ་སོགས་རིགས་ཉུང་ཙམ་ལས་མེད་རུང༌། དེ་དག་གི་རི་མོ་ནི་ཧ་

ཅང་ཕུན་སུམ་ཚོགས་པ་སྟེ། བརྐོས་རིས་དང༌། ཐག་རིས། ལེབ་ཤད་རི་མོ། འཚེར་ཅན་རི་མོ། སྨྱུག་གཟེབ་རི་མོ་སོགས་ཧ་

ཅང་མང་ཞིང༌། རྫ་ཆས་ཀྱི་མདོག་དམར་པོ་དང༌། སེར་པོ། ཐལ་མདོག ནག་པོ་བཅས་ཡོད་ལ་རྫ་ཆས་མང་ཆེ་བ་འཇམ་

ཤ་དོད་ལ་སྤུས་ཀ་དག་པོ་མཆིས། མཛེས་རྒྱན་དངོས་ཆས་གྲས་སུ་སྐྲ་གཟེར་དང༌། མོ་ཀོར། རྣ་ལོང༌། ཕྲེང་རིལ། མགུལ་རྒྱན།

ཕྲུལ་ཕྲུལ། འགྲོན་བུ་སོགས་ཡོད་པ་དང༌། དེ་དག་གི་རྒྱུ་ཆ་ནི་རྡོ་དང༌། གཡང་ཊི། རུས་པ་སོགས་ཡིན་ལ་མཛེས་ཤིང་སྤུས་

དག་སྣ་མང་ཕུན་སུམ་ཚོགས་པོ་ཡོད། ས་འོག་ནས་ཐོན་པའི་དངོས་པོ་མང་ཆེ་བ་རྡོ་ལས་གྲུབ་པའི་ཐོན་སྐྱེད་ལག་ཆ་ཡིན་

ཞིང༌། དེའི་ནང་རྡོ་ཆས་ཕྲ་མོ་དང༌། བརྡར་བཟོས་རྡོ་ཆས་བཅས་རིགས་གསུམ་ཡོད་ལ། ལག་ཆ་དེ་རྣམས་ཀྱི་རྣམ་གྲངས་ནི་

སྦྱག་མ་དང༌། སྟ་རེ།འཇོར། གཤོལ། མདུང་རྩེ། མདའ་རྩེ། འབྲེག་གཏུབ་ཀྱི་ལག་ཆ་དང༌། གཙབས་གཅོད་ཀྱི་ལག་ཆ། འཛོག་

རྡུང་གི་ལག་ཆ་སོགས་ཁྱོན་བསྡོམས་རྣམ་གྲངས་༦༨༠༠ ལྷག་ཙམ་ཡོད། མཁར་རོའི་རིག་གནས་ནི་རྡོ་ཆས་གསར་མའི་

དུས་རབས་ཀྱི་རིག་གནས་ཁོངས་སུ་གཏོགས་ལ། ད་བར་མི་ལོ་༤༥༠༠ ནས་༥༠༠༠ བར་སོང་ཟིན་ཞེས་གསུངས་འདུག

མཁས་དབང་ནམ་མཁའི་ནོར་བུས་གནའ་རྫས་བགྲང་བྱའི་ཡུལ་ལས་འདས་པ་ཞིག་གསར་རྙེད་བྱུང་བས། བོད་ནི་ལོ་ཁྲི་

ཕྲག་གསུམ་གྱི་གོང་རོལ་ཏུ་བྱུང་བའི་གནའ་བོའི་མི་རིགས་ཤིག་ཡིན་པར་ཁ་ཚོན་བཅད་ཡོད་ཅེས་དང༌། ཁོང་གིས་ལ་

དྭགས་དང༌། ལྷག་པར་ཞང་ཞུང་རུ་ཐོག་ཏུ་གཉུག་གནས་མི་རིགས་ཀྱིས་བྲིས་པའི་བྲག་བརྐོས་རི་མོ་དེ་དག་དབྱིན་ཡུལ་

གནའ་རྫས་རྟོག་ཞིབ་མཁན་པོས་ཡ་ཐོག་གི་ལོ་རྒྱུས་ལོ་གྲངས་སྟོང་ཕྲག་བཞི་བཅུའམ་བཞི་ཁྲིའི་གོང་དུ་འགྲོ་ཐུབ་ཀྱི་ཡོད་

ཅེས་བཤད་ཡོད་གསུངས།  མདོར་ན། གནའ་ཤུལ་དཔྱད་ཞིབ་གྲུབ་འབྲས་ཀྱིས་བོད་ཀྱི་ལོ་རྒྱུས་ཕུ་ཐག་ལོ་ངོ་བཞི་ཁྲིའི་གོང་

རོལ་ན་བསྙེགས།

ས་རཱ་མཐོ་སློབ། ངག་དབང་བྱམས་པས།

Back

Search site

© 2012 All rights reserved. No information or images from this website can be copied or used for any purpose without permission from "KonchoK..com

དཀོན་མཆོག་བོད་རང་བཙན་དྲ་ཚིགས།