བཙན་བྱོལ་བོད་མིའི་སྤྱི་ཚོགས་ངོ་སྤྲོད།
ཀ༽ བཙན་བྱོལ་བོད་གཞུང་གི་བྱུང་རིམ་དང་གནས་སྟངས་མདོར་བསྡུས།
ཕྱི་ ལོ་༡༩༤༩ ལོར་རྒྱ་ནག་བཅིངས་འགྲོལ་དམག་ཟེར་བས་བོད་ཀྱི་ཤར་ཕྱོགས་ཨ་མདོ་དང༌། ཁམས་ཀྱི་ས་ཁུལ་དུ་
བཙན་འཛུལ་དཔུང་བསྐྱོད་ཀྱིས་ཆབ་མདོའི་བར་དྲག་པོའི་བཙན་ བཟུང་བྱས་པ་དང༌། ཕྱི་ལོ་༡༩༥༡ ལོར་གྲོས་མཐུན་
དོན་ཚན་བཅུ་བདུན་ཟེར་བ་བཙན་འོག་ཏུ་བཞག་སྟེ་བོད་ས་ཡོངས་རྫོགས་བཙན་བཟུང་བྱས་པའི་རྗེས་འབྲེལ་ཕྱི་ལོ་
༡༩༥༩ ལོར་བོད་མིའི་གྱེན་ལངས་ཞི་རྒོལ་གྱི་ལས་འགུལ་དྲག་གནོན་འོག་རྩ་མེད་བཏང་ཞིང༌། ྋགོང་ས་ྋསྐྱབས་མགོན་
ཆེན་པོ་མཆོག་དང༌། ཁོང་གི་ཕེབས་རྗེས་སུ་བོད་མི་༨༠༠༠༠ ཙམ་རྒྱ་བལ་འབྲུག་གསུམ་ནང་བཙན་བྱོལ་དུ་ཡོང་དགོས་
བྱུང༌། བོད་མི་བཙན་བྱོལ་བ་རྣམས་ད་དུང་མུ་མཐུད་འབྱོར་བཞིན་ཡོད། ཕྱི་ ལོ་༡༩༥༩ ཟླ་༤ ཚེས་༢༤ ཉིན་ྋགོང་ས་
ྋསྐྱབས་མགོན་ཆེན་པོ་མཆོག་ནས་རྒྱ་གར་གྱི་བྱང་ཕྱོགས་མ་སུ་རིར་བཙན་ བྱོལ་བོད་གཞུང་དབུ་འཛུགས་བསྐྱངས་པ་
དང༌། དེ་ནི་དེ་སྔ་རང་བཙན་ཡིན་སྐབས་ཀྱི་བོད་གཞུང་དེ་ཉིད་རྒྱ་གར་ནང་གནས་སྤོ་གནང་བའི་ངོ་བོར་གྲུབ་ཡོད་ཅིང༌།
ཕྱི་ལོ་༡༩༦༠ ཟླ་༥ པའི་ནང་བཙན་བྱོལ་བོད་གཞུང་གི་བསྟི་གནས་བཞུགས་སྒར་རྡ་རམ་ས་ལར་སྤོ་བཤུག་གནང་ བ་རེད།
བཙན་བྱོལ་བོད་གཞུང་གི་སྒྲིག་འཛུགས་འདི་ནི། བོད་གཞིས་བྱེས་གཉིས་སུ་གནས་པའི་བོད་མི་ཚོས་རང་གི་ཁྲིམས་མཐུན་
གྱི་ངོ་བོ་ མཚོན་པའི་གཞུང་ཞིག་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད་པ་དང༌། ད་ཆ་རྒྱལ་སྤྱིའི་ནང་གྲོས་ཚོགས་ཁག་གིས་
ཀྱང་བོད་མི་རིགས་ཀྱི་ངོ་བོ་ཡང་དག་པར་མཚོན་པའི་ཁྲིམས་མཐུན་གྱི་གཞུང་ཞིག་ཏུ་ངོས་འཛིན་བྱེད་མཁན་ཇེ་མང་དུ་
འགྲོ་བཞིན་ཡོད། བཙན་བྱོལ་བོད་གཞུང་འདི་གསར་འཛུགས་ བསྐྱངས་པ་ནས་བཟུང་བསྒྲུབ་བྱའི་དམིགས་ཡུལ་གཉིས་
གཏན་འབེབས་གནང་ཡོད་པ་ནི། བོད་མི་བཙན་བྱོལ་བའི་བདེ་དོན་ལ་གཟིགས་སྐྱོང་གནང་རྒྱུ་དང༌། གཞི་རྩའི་བོད་ཀྱི་
རང་དབང་སླར་གསོ་གནང་རྒྱུ་བཅས་ཡིན། བདེ་དོན་གྱི་ལས་གཞིའི་རྣམ་གྲངས་གཙོ་བོ་ནི། བོད་མི་མང་གི་ཤེས་ཡོན་
འཕེལ་རྒྱས་གཏོང་རྒྱུ་དང༌། མང་གཙོའི་ལམ་སྲོལ་སྲ་བརྟན་འཛུགས་རྒྱུ། བོད་མི་རྣམས་ཕྱི་རྒྱལ་གྱི་རོགས་རམ་ལ་བརྟེན་མི་
དགོས་པར་རང་ཁ་རང་གསོ་ཐུབ་པའི་ སྤོབས་ཉམས་ལྡན་པའི་མི་རིགས་ཤིག་ཡོང་ཐབས་འབད་བརྩོན་གནང་རྒྱུ་བཅས་
ཡིན། མང་ གཙོའི་ལམ་སྲོལ་སྲ་བརྟན་འཛུགས་རྒྱུ་དེ་ནི་མ་འོངས་བོད་གསར་འཛུགས་སྐྲུན་གྱི་ གྲ་སྒྲིག་ལས་དོན་ཞིག་གི་
ངོ་བོར་གྲུབ་ཡོད་ཅིང༌། དེའི་འཕེལ་རིམ་ནང་ཐོག་མར་ཕྱི་ལོ་༡༩༦༠ ཟླ་༩ ཚེས་༢ ཉིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་
དབུ་བརྙེས་པ་དང༌། སྐབས་དེར་སྤྱི་འཐུས་རྣམས་དང༌། བཀའ་བློན་དྲུང་ཆེ་བཅས་འདུས་པའི་ཆེས་མཐོའི་རྒྱུན་ལས་ལྷན་
ཚོགས་ཞེས་འཚོག་སྲོལ་དར་ཡོད་ཅིང༌། དུས་ཕྱིས་སུ་ཆེས་མཐོའི་རྒྱུན་ལས་ལྷན་ཚོགས་དེ་ཡང་གྲོས་ཚོགས་ཀྱི་ངོ་བོར་འཚར་
ལོངས་ངེས་ཅན་ཞིག་བྱུང་སྟེ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་དང༌། གྲོས་ཚོགས་ཁྲིམས་བཟོ་ལྷན་ཚོགས་ཞེས་འབོད་སྲོལ་
བྱུང་བ་རེད། ཕྱི་ ལོ་༡༩༩༠ ལོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་དེ་བས་ཀྱང་ཟབ་བརླིང་ངང་མང་གཙོའི་
འཕེལ་རིམ་ཡར་རྒྱས་དང༌། བརྟན་ཚུགས་ཆེ་རུ་གཏོང་གནང་མཛད་ཐོག སྤྱི་འཐུས་ཀྱི་གྲངས་འབོར་ཡང་༤༦ བར་སྤར་
ཆ་གཏན་འབེབས་བསྐྱངས་པ་དང་འབྲེལ་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་ ཟིན་བྲིས་གསོལ་སྩལ་མཛད་པ་གཏན་
ལ་ཕབ་སྟེ། གྲོས་ཚོགས་ནས་འཛིན་སྐྱོང་གི་འགན་འཛིན་བཀའབློན་རྣམས་བསྐོ་འདེམས་གནང་རྒྱུའི་ འགན་དབང་ཆ་ཚང
བཞེས་རྒྱུ། དེ་བཞིན་བཀའབློན་རྣམས་ནས་གྲོས་ཚོགས་ལ་འགན་ཁུར་བའི་ཐོག་ནས་ལས་དོན་སྙན་སེང་ དང༌། དྲི་བར་
གསལ་བཤད་ལན་འདེབས་གནང་དགོས་པ། དེ་མཚུངས་བོད་གཞུང་འཛིན་སྐྱོང་སྡེ་ཚན་ནས་བཅའ་ཁྲིམས་དང་འགལ་
བའི་དྲང་བདེན་ མིན་པའི་ཐག་གཅོད་རིགས་གནང་ཚེ། མི་མང་ནས་ཞུ་གཏུགས་བྱ་ཡུལ་བོད་ཀྱི་ཆེས་མཐོའི་ཁྲིམས་ཞིབ་
ཁང་བཅས་ཀྱི་ཆ་རྐྱེན་ བསྐྲུན་ཏེ་མང་གཙོའི་ཡན་ལག་ཡོངས་སུ་ཚང་བ་བཟོས་གནང་ཡོད། ཕྱི་ ལོ་༢༠༠༡ ལོར་ྋགོང་ས་
ྋསྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དགོངས་བཞིན་སྤྱི་འཐུས་ལྷན་ཚོགས་ ནས་སླར་ཡང་བཙན་བྱོལ་བོད་གཞུང་གི་
བཅའ་ཁྲིམས་ལ་བསྐྱར་བཅོས་གནང་སྟེ། བཀའབློན་ཁྲི་པ་བཙན་བྱོལ་རྒྱ་ཆེའི་མི་མང་ནས་ཐད་ཀར་འོས་འདེམས་བྱ་རྒྱུ་
དང༌། བདམས་ཐོན་བྱུང་བའི་བཀའབློན་ཁྲི་པས་ཕྱག་སྦྲེལ་བཀའབློན་བདུན་ལས་མི་མང་བ་ཞིག་འོས་འཛུགས་དང་
འབྲེལ། དེ་དག་ལ་སྤྱི་འཐུས་ངོ་ཡོད་རྩ་འབོར་གྱི་བརྒྱ་ཆ་༥༠ ཡན་གྱིས་རྒྱབ་སྐྱོར་འཐོབ་དགོས་པའི་སྒྲིག་གཞི་གསར་དུ་
བསྣན་ཡོད། དེ་ ལྟར་མི་མང་ནས་ཐད་ཀར་འོས་བསྡུ་བྱེད་པའི་བཀའབློན་ཁྲི་པ་དང་པོ་ཟམ་གདོང་རིན་པོ་ ཆེ་བློ་བཟང་
བསྟན་འཛིན་མཆོག་ནས་ཕྱི་ལོ་༢༠༠༡ ཟླ་༩ ཚེས་༥ ཉིན་ལས་ཁུར་དང༌། གསང་རྒྱའི་དམ་འབུལ་ཞུས་རྗེས་འཛིན་སྐྱོང་
གི་ལས་དོན་ཞུ་སྒོ་རྣམས་དབང་ལུང་ སྒྱུར་བཞིན་ཡོད་པ་རེད། ད་ཆར་བཙན་བྱོལ་བོད་གཞུང་འདི་ཉིད་མཚན་དོན་
མཚུངས་པའི་གཞུང་ཞིག་གི་ངོ་བོར་ལས་དོན་གནང་གི་ཡོད་པ་མ་ཟད། དེར་ལས་ཁུངས་མ་ལག་དང༌། རང་དབང་ལྡན་
པའི་སྡེ་ཚན་ཁག་བཅས་མང་གཙོའི་སྲིད་གཞུང་གི་ཁྱད་ཆོས་རྣམས་ཡོངས་སུ་ ཚང་ཡོད། འོན་ཀྱང་མ་འོངས་པར་བོད་
ནང་རང་དབང་སླར་གསོ་འཐོབ་པའི་སྐབས་སུ་བཙན་བྱོལ་བོད་ གཞུང་འདི་དག་བོད་ནང་གནས་སྤོ་བྱ་རྒྱུ་མིན་གཤིས།
མ་འོངས་བོད་ཀྱི་ཆབ་སྲིད་ལམ་སྟོན་དང༌། རྩ་ཁྲིམས་སྙིང་དོན་ནང་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས། བོད་
ལ་རང་བཙན་སླར་གསོ་བྱུང་མཚམས་སུ། ད་ལྟའི་བཙན་བྱོལ་བོད་གཞུང་འདི་ཕྱིར་བསྡུ་བྱ་རྒྱུ་ཡིན་ཞེས་དང༌། དེ་བཞིན་
བར་བརྒལ་གྱི་སྲིད་གཞུང་ཞིག་འཛུགས་རྒྱུ་དང༌། སྲིད་གཞུང་དེའི་འགོ་འདོམས་སུ་སྲིད་འཛིན་གཅིག་བསྐོ་གཞག་སྩལ་
རྒྱུ་ཡིན་ཞེས་གསལ་པོར་གསུངས་ཡོད་པ་རེད། བར་བརྒལ་གྱི་སྲིད་འཛིན་དེར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་
གི་ཆབ་སྲིད་ཀྱི་སྐུ་དབང་ཡོངས་རྫོགས་རྩིས་སྤྲོད་གནང་རྒྱུ་དང༌། སྲིད་འཛིན་དེའི་གཙོ་སྐྱོང་འོག་ལོ་གཉིས་ནང་ཚུད་རྒྱལ་
ཡོངས་འོས་བསྡུ་ཆེན་མོའི་ལམ་ནས་གཞུང་གསར་པ་འཛུགས་རྒྱུ་དང༌། དེར་བར་བརྒལ་གྱི་སྲིད་འཛིན་གྱི་དབང་ཆ་རྩིས་
སྤྲོད་གནང་རྒྱུ་བཅས་ཡིན་པ་རེད།
ཁ༽ རྩ་འཛིན་ཁྲིམས་ཡིག་དང་མང་གཙོའི་ཀ་བ་གསུམ།
རྩ་འཛིན་ཁྲིམས་ཡིག བཙན་བྱོལ་བོད་མིའི་བཅའ་ཁྲིམས་རིན་པོ་ཆེ་ཡིན་པ་དང༌། ཁྲིམས་ལུགས་དབང་འཛིན། བོད་
ཀྱི་ཆེས་མཐོའི་ཁྲིམས་ཞིབ་ཁང༌། ཁྲིམས་བཟོ་ལྷན་ཚོགས། མི་མང་གི་འཐུས་མི་༤༦ ལས་གྲུབ་པའི་བོད་མི་མང་སྤྱི་
འཐུས་ལྷན་ཚོགས། དེའི་ནང་ནས་འཐུས་མི་༤༣ བཙན་བྱོལ་མང་ཚོགས་ནས་མང་གཙོའི་འགྲོ་ལུགས་ལྟར་འོས་བསྡུའི་
ལམ་ནས་འདེམས་བསྐོ་བྱེད་པ་དང༌། ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་ཐད་ཀར་བསྐོ་གཞག་སྩལ་བའི་སྤྱི་
འཐུས་༣ བཅས། གཞུང་གི་འགན་འཛིན། བཀའ་ཤག་ནི་འཛིན་སྐྱོང་སྡེ་ཚན་གྱི་སྤྱི་ཁྱབ་ལས་ཁུངས་མཐོ་ཤོས་དེ་ཡིན།
དེའི་སྟངས་འཛིན་འོག་བཀའ་བློན་ལས་ཁུངས་བདུན་ཡོད་པ་སྟེ། ཆོས་རིག་ལས་ཁུངས། ནང་སྲིད་ལས་ཁུངས། དཔལ་
འབྱོར་ལས་ཁུངས། ཤེས་རིག་ལས་ཁུངས་དང༌། བདེ་སྲུང་ལས་ཁུངས། ཕྱི་དྲིལ་ལས་ཁུངས། འཕྲོད་བསྟེན་ལས་ཁུངས་
བཅས་ཡིན།
དང་པོ། སྐུ་ཚབ་དོན་གཅོད། ལྡི་ལི་དང༌། ཀ་ཐ་མན་གྲུའུ། ནིའུ་ཡོག འཇི་ནི་ཝ། ཊོ་ཀི་ཡོ། ལོན་ཌོན། ཁན་སྦི་ར། མོ་སོ་ཁོ།
པེ་རེ་ཊོ་རི་ཡ། ཐའི་པེ། སྦ་ར་སིལ་བཅས།
གཉིས་པ། བཙན་བྱོལ་བོད་མིའི་མི་འབོར། བཙན་ བྱོལ་ཁྲོད་དུ་རོབ་རྩིས་ལྟར་མི་གྲངས་༡༡༡༡༧༠ ཡོད། དེ་ཡང་རྒྱ་གར་
དུ་བོད་མི་༨༥༠༠༠ དང༌། བལ་ཡུལ་དུ་༡༤༠༠༠ འབྲུག་ཏུ་༡༦༠༠ སུད་སིར་༡༥༤༠ ཡོ་རོབ་ས་ཁུལ་གཞན་ཁག་ཏུ་
༦༤༠ཨོ་སི་ཊི་ལི་ཡ་དང་ནེའུ་ཛི་ལནཌར་༢༢༠ ཨ་རི་དང་ཁེ་ན་ཌར་༧༠༠༠ སི་ཁེན་ཌི་ནེ་ཝི་ཡར་༡༡༠ ཉི་ཧོང་དུ་༦༠
ཐེ་ཝན་དུ་༡༠༠༠ བཅས་ཡོད།གྲངས་ཐོ་འདི་བཞིན་བོད་གཞུང་འཆར་འགོད་ལས་ཁུངས་ཀྱི་ཕྱི་ལོ་༡༩༩༨ ལོའི་མི་འབོར་
ཞིབ་བཤེར་ལ་གཞི་བཅོལ་བྱས་པ་ཡིན་ཞིང༌། དེ་ནས་ད་བར་ལོ་བཅུའི་རིང་འཕར་ཆ་བྱུང་ཡོད།
གསུམ་པ། རིས་མེད་དགོན་སྡེ་ཁག བོད་ གཞུང་ཆོས་རིག་ལས་ཁུངས་ཀྱི་ཁྱབ་ཁོངས་རྒྱ་གར་དང༌། བལ་ཡུལ། འབྲུག་ཡུལ་
བཅས་སུ་སྔ་འགྱུར་རྙིང་པ་མ་དང༌། དཔལ་ལྡན་ས་སྐྱ་པ། འགྲོ་མགོན་བཀའ་བརྒྱུད། རི་བོ་དགེ་ལྡན་པ། གཡུང་དྲུང་བོན་
སོགས་རིས་མེད་ཀྱི་དགོན་སྡེ་གྲངས་༢༣༠ ཙམ་ཡོད་པ་དང༌། དེ་དག་གི་ནང་དུ་གྲྭ་པ་དང་བཙུན་མ་གྲངས་༣༢༠༠༠ ཙམ་
ཡོད་པ་རེད།
བཞི་པ། སློབ་གྲྭ་ཁག བོད་གཞུང་ཤེས་རིག་ལས་ཁུངས་ཀྱི་ཁྱབ་ཁོངས་རྒྱ་གར། བལ་ཡུལ། འབྲུག་ཡུལ་བཅས་སུ་སློབ་གྲྭ་
ཁག་༧༧ དང་སློབ་ཕྲུག་གྲངས་༢༨༠༠༠ ཙམ་ཡོད་པ་རེད།
ལྔ་པ། གཞིས་ཆགས་དང་སྡོད་སྒར་ཁག བོད་གཞུང་ནང་སྲིད་ལས་ཁུངས་ཀྱི་ཁྱབ་ཁོངས་འོག་རྒྱ་གར་དུ་སོ་ནམ་གཞིས་
ཆཌ་༢༡ དང༌། སོ་ནམ་དང་བཟོ་གྲྭ་འདྲེས་མ་ཁག་༨ བཟོ་གཞིས་ཁག་༤ ཁ་འཐོར་སྡོད་སྒར་ཁག་༡༡ བཅས་གྲངས་༤༤
ཡོད། དེ་བཞིན་བལ་ཡུལ་དང༌། འབྲུག་ཡུལ་བཟོ་གཞིས་གཙོ་བོར་གྱུར་པའི་གཞིས་ཆགས་དང་སྡོད་སྒར་གྲངས་༢༠ ཡོད་
ལ། མདོར་ན་བཙན་བྱོལ་བོད་མིའི་གནས་སྡོད་བྱེད་ཡུལ་རྒྱ་བལ་འབྲུག་གསུམ་ནང་དུ་ས་ གནས་མི་འདྲ་བ་གྲངས་༦༨
ཙམ་ཡོད། དེ་བཞིན་རྒས་གསོ་ཁང་༡༤ ཡང་ཡོད།
དྲུག་པ། སྨན་ཁང་ཁག བོད་ གཞུང་འཕྲོད་བསྟེན་ལས་ཁུངས་ཀྱི་ཁྱབ་ཁོངས་འོག་བོད་གཞུང་སྨན་རྩིས་ཁང་དང༌། དེའི་
ཡན་ལག་སྨན་ཁང་༤༩ དེང་རབས་གསོ་རིག་གི་ཐོག་ནས་བརྟག་དཔྱད་སྨན་བཅོས་དང༌། ནད་གསོ་ཁང་བཅས་ཀྱི་མཐུན་
འགྱུར་ཡོད་པའི་བཞུགས་སྒར་བོད་གཞུང་བདེ་ལེགས་སྨན་ཁང་ གིས་གཙོས། གཞིས་སྒར་ཁག་ཏུ་སྨན་ཁང་ཆེ་བ་ཁག་༧
གཞི་རིམ་འཕྲོད་བསྟེན་སྨན་ཁང་༤ སྨན་ཁང་ཆུང་གྲས་གྲངས་༤༣ བཅས་གནའ་དེང་གི་སྨན་ཁང་ཆེ་ཆུང་གྲངས་༡༠༤
ཙམ་ཡོད།
བདུན་པ། མི་མང་གི་འཚོ་རྟེན། བཙན་ བྱོལ་བོད་མི་ཕལ་ཆེ་བའི་འཚོ་རྟེན་སོ་ནམ་ཞིང་ལས་དང༌། བཟོ་ཞིང་མཉམ་
འབྲེལ་ལས་རིགས། རུམ་འཐག ཕྱི་ཚོང༌། ཞབས་ཞུའི་ལས་རིགས། སུད་ཚོང་བཅས་ཡིན།
བརྒྱད་པ། མང་གཙོའི་ཀ་བ་བཞི་པ་གསར་འགྱུར་བརྒྱུད་ལམ་ཁག བོད་ གཞུང་གི་གཞུང་འབྲེལ་བོད་མིའི་རང་དབང་
བདུན་རེའི་གསར་ཤོག་དང༌། ཤེས་བྱ་ཟླ་རེའི་གསར་འཕྲིན། དེ་བཞིན་རྒྱ་ཡིག་དང་དབྱིན་ཡིག་གི་ཟླ་ཟུང་གསར་འཕྲིན་
ཀྱང་ཡོད། བོད་གཞུང་གི་དྲ་གནས་དང༌། ཟླ་རེའི་བརྙན་འཕྲིན་དྲ་རྒྱ་སོགས་ཡོད། གཞུང་ འབྲེལ་མ་ཡིན་པའི་ངོས་ནས།
བོད་ཀྱི་དུས་བབ་ཉིན་བཅུའི་གསར་ཤོག བོད་ཀྱི་བང་ཆེན་བདུན་རེའི་གསར་ཤོག ལྷོ་ཕྱོགས་ཕོ་ཉ་ཉིན་བཅུའི་གསར་
ཤོག སྤྱི་ཚོགས་མེ་ལོང་ཟླ་རེའི་གསར་ཤོག་སོགས་ཡོད། གཞན་ཡང་རླུང་འཕྲིན་ལ་མཚོན་ན་ཨེ་ཤ་རང་དབང་རླུང་འཕྲིན་
ཁང༌། ཨ་རིའི་བོད་སྐད་རླུང་འཕྲིན་ཁང༌། ནོར་ཝེ་བོད་ཀྱི་རླུང་འཕྲིན་ཁང་བཅས་ཡོད་ལ། བོད་རྒྱལ་ལོ་ཟླ་རེའི་བརྙན་
འཕྲིན་གསར་འགྱུར་ཞིག་ཀྱང་ཡོད་པ་རེད། དེ་བཞིན་ད་ལྟའི་ཆར་དྲ་རྒྱའི་གསར་འགྱུར་བརྒྱུད་ལམ་འདི་ཉིད་བཙན་
བྱོལ་ཁྲོད་ཧ་ ཅང་དར་ཁྱབ་ཆེན་པོ་ཡོད་པ་རེད།
དགུ་པ། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག བོད་ ཀྱི་གཞོན་ནུ་ལྷན་ཚོགས་དང༌། བོད་ཀྱི་བུད་མེད་ལྷན་ཚོགས།
དགུ་བཅུ་གསུམ་ལས་འགུལ་ཚོགས་པ། རྒྱལ་ཡོངས་མང་གཙོ་ཚོགས་པ། དབུས་གཙང་ཚོགས་པ། མདོ་སྟོད་ཚོགས་པ།
མདོ་སྨད་ཚོགས་པ། མངའ་རིས་སྤྱི་མཐུན་ཚོགས་པ་སོགས་དང༌། དེ་བཞིན་སྤྱི་ཚོགས་ཞབས་ཞུ་དང༌། ཤེས་ཡོན་སོགས་
ཀྱི་ཚོགས་པ་སྒྲིག་འཛུགས་གང་མང་ཡོད་པ་རེད།།
བཙན་བྱོལ་བོད་མིའི་སྤྱི་ཚོགས་ངོ་སྤྲོད། བོད་དབྱིན་རྒྱ་གསུམ་ནང་།