ལོ་བདུན་གྱི་ཁྲིམས་ཆད།

21/08/2012 21:43

 

ལྷོ་ཡོན་ཏན་རྒྱ་མཚོ་ལ་རྒྱ་གཞུང་གིས་ལོ་བདུན་གྱི་ཁྲིམས་ཆད།

yonten_gyatso_02ཟླ་འདིའི་ཚེས་༢༠ ཉིན་གནས་ཚུལ་འབྱོར་བར། ཟླ་བ་བརྒྱད་ཙམ་རིང་གར་སོང་ཆ་མེད་དུ་གྱུར་པའི་བོད་མདོ་སྨད་རྔ་པ་རྫོང་ཁ་ཤིས་དགོན་གྱི་ལྷོ་ཡོན་ཏན་རྒྱ་མཚོ་ལ་རྒྱ་ནག་གཞུང་གིས་བོད་ཀྱི་གནས་ཚུལ་ཕྱི་ཕྱོགས་སུ་བཏང་བའི་ཉེས་མིང་འོག ལོ་བདུན་གྱི་བཙོན་འཇུག་ཉེས་ཆད་བཅད་འདུག

དེ་ཡང་དྷ་ས་བཞུགས་སྒར་ཀིརྟིའི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པ་བློ་བཟང་ཡེ་ཤེས་དང་ཀ་ཉག་ཚེ་རིང་གཉིས་ཀྱིས་ཟླ་འདིའི་ཚེས་༢༠ ལ་གནས་ཚུལ་མཁོ་སྤྲོད་བྱས་པ་ལྟར་ན། ཁཱ་ཤིས་དགོན་གྱི་གྲྭ་ལྷོ་ཡོན་ཏན་རྒྱ་མཚོ་ནི་ད་ལྟ་རང་ལོ་ ༣༧ ཡིན་པ་དང་། ཁོང་རྔ་པ་རྫོང་། བློན་ཙང་ཞང་། ཁཱ་ཤིས་སྡེ་པ་ནས་ཡིན་པ་དང་། ཁོང་ལོ་སྔོན་མའི་ཕྱི་ཟླ་༡༠ ཚེས་༡༨ ཉིན་རྔ་པ་རྫོང་མཁར་ནས་གློ་བུར་གར་སོང་ཆ་མེད་དུ་གྱུར་པ་ནས་བཟུང་ཟླ་དྲུག་ལྷག་རིང་ཤི་གསོན་གྱི་གནས་སྟངས་གང་ཡིན་ཤེས་རྟོགས་བྱུང་མེད་ཀྱང་། ཉེ་བའི་ཆར་ཁུངས་ལྡན་གནས་ཚུལ་ཤེས་གསལ་ལྟར་ན་ནག་ཉེས་གང་ཡིན་ཁ་གསལ་མེད་པའི་སྒོ་ནས་ལྐོག་འཛིན་བཙན་ཁྲིད་བྱས་ཏེ། རྔ་བ་རྫོང་ས་གནས་དམག་སྒར་ཁང་བརྒྱུད་སི་ཁྲོན་ཞིང་ཆེན་གྱི་བསྟི་གནས་ཁྲིན་ཏུའུ་ཡི་གསང་བའི་ལས་ཁུངས་ནས་བཙན་ཁྲིད་བྱས་ཏེ། བུན་གྱང་ཞེས་པའི་ས་གནས་བཙོན་ཁང་དུ་བཀག་སྐྱིལ་བྱས་ཡོད་པ་ཤེས་རྟོགས་བྱུང་།

yonten_gyatso_01ཁོང་ལ་བཙོན་ཁང་གཅར་རྡུང་མནར་གཅོད་ཚད་མེད་བཏང་ཡོད་པ་མ་ཟད། བཙོན་ཁང་ནས་རང་སྲོག་གཅོད་པའི་གོ་སྐབས་ཤིག་བྱུང་ན་སྙམ་པ་དང་། ཡ་ང་སྙིང་རྗེ་མེད་པའི་མནར་གཅོད་འདིའི་འོག་གསོན་པ་ལས་འཕྲལ་ཏུ་འཆི་ན་དགའ་བའི་སེམས་ཚོར་བྱུང་ཡོད་པ་སོགས་ཀྱི་དཀའ་སྡུག་བཟོད་བརླག་མེད་པ་མྱངས་མཐར། རྔ་པ་རང་སྐྱོང་ཁུལ་གྱི་འབྲེལ་ཡོད་ལས་ཁུངས་ལ་རྩིས་སྤྲོད་བྱས་ཏེ་རྔ་བ་ཁུལ་མི་དམངས་ཁྲིམས་ཁང་གིས་ཕྱི་ལོ་༢༠༡༢ ཟླ་༦ ཚེས་༡༨ ཉིན་རྒྱལ་གཅེས་དཔའ་མོ་བཙུན་མ་བསྟན་འཛིན་དབང་མོས་རང་ལུས་མེར་སྲེག་བཏང་བའི་འདྲ་པར་དང་གནས་ཚུལ་ཕྱི་ཕྱོགས་སུ་མཁོ་སྤྲོད་བརྒྱུད་བསྒྲགས་བྱས་པས་མཚོན། ཕྱི་ལོ་ ༢༠༠༨ ནས་བཟུང་བོད་ནང་གི་ཆབ་སྲིད་དང་འབྲེལ་བའི་གནས་ཚུལ་གང་མང་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་སོགས་ལ་ཁ་པར་བཏང་བ་དང་། བརྒྱུད་ལམ་འདྲ་མིན་ནས་ཕྱི་ཕྱོགས་སུ་དྲིལ་བསྒྲགས་བྱེད་མཁན་གཏེ་བོའི་གྲས་ཡིན་པའི་ནག་ཉེས་བཙན་འགེལ་གྱིས་ཆབ་སྲིད་ཁྲིམས་འགལ་པའི་ཉེས་མིང་འོག མི་ལོ་བདུན་གྱི་བཙོན་འཇུག་ཁྲིམས་ཐག་བཅད་དེ། ད་ཆ་རྒྱ་ནག་སི་ཁྲོན་གྱི་མེན་ཡང་ཞེས་པའི་ས་གནས་བཙོན་ཁང་ཞིག་ཏུ་བཙོན་འཇུག་དོ་དམ་བྱས་ཡོད་འདུག

ཁོང་གི་ཕ་མིང་ལ་ཆོས་བསམ་དང་། མ་མིང་ལ་གངྒ་ཡིན་པ་དང་། རང་ལས་ཆུང་བའི་སྤུན་སྲིང་གཉིས་བཅས་ནང་མི་བཞི་ཡོད་འདུག 
ཁོང་ནི་ཁཱ་ཤིས་དགོན་དགེ་འཕེལ་བསམ་གཏན་གླིང་གི་དགེ་སྐོས་དང་། དབུ་མཛད་། ཆོས་ལུགས་དོ་དམ་ཁང་གི་འགན་འཛིན་དང་ཚོགས་མི་བཅས་ཟུར་པ་ཡིན་ཞིང་།  ཕྱི་ལོ་ ༡༩༩༢ ལོར་རྔ་ཡུལ་ཁཱ་ཤིས་ཚོང་པ་རྣམས་ཀྱིས་མ་དངུལ་རྩ་འཛུགས་ཀྱིས་སློབ་གྲྭ་གསར་རྒྱག་བྱས་པ། རྔ་པ་རྫོང་ཁཱ་ཤུལ་གྲོང་སྡེའི་རེ་སྨོན་སློབ་ཆུང་གི་སློབ་མ་གཙོས་དགོན་གྲོང་གཉིས་ཀྱི་སློབ་ཕྲུག་ན་གཞོན་རྣམས་ཀྱི་གསབ་སྦྱོང་འཛིན་གྲྭའི་བོད་ཡིག་དགེ་རྒན་དང་། ཡང་སྒོས་ཁཱ་ཤིས་སྤྱི་ཚོགས་སློབ་གསོ་ཚོགས་པའི་ཚོགས་གཙོའི་ལས་འགན་ཁུར་མུས་ཀྱི་ངོས་ནས་རྔ་པ་སྟོད་སྨད་བར་གསུམ་གྱི་མང་ཚོགས་ཁྲོད་སྤྱི་ཚོགས་སློབ་གསོའི་ལས་འགུལ་སྤེལ་བའི་བརྒྱུད་རིམ་ནང་བོད་རང་གི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་། སྐད་ཡིག ལེགས་བྱང་། ཡུལ་གོམས་གཤིས་ལུགས་སོགས་ཡ་རབས་བཟང་སྤྱོད་ལྡན་པའི་བོད་མི་རིགས་ཀྱི་ངོ་བོ་གསོན་པོར་ཡུན་གནས་ཡོངས་ཐབས་སུ་ཕྱོགས་ཡོངས་ནས་ནུས་པ་ཡོད་དགུས་མཁས་དབང་གདན་འདྲེན་ཞུས་ཀྱིས་སྤྱི་ཚོགས་ཡར་སྐུར་གྱི་ལམ་སྟོན་སློབ་གསོ་གནང་བཅུག་པ་དང་། ཁོང་རང་ངོས་ནས་ཀྱང་སྙིང་སྟོབས་དང་སེམས་ཤུགས་ཞུམ་པ་མེད་པའི་སྒོ་ནས། བོད་ཀྱི་སྲིད་འབྱོར་རིག་གསུམ་དང་། ལྷག་པར་ཏུ་བོད་རིགས་ནང་ཁུལ་མཐུན་སྒྲིལ་ཟོང་ཁ་གཅིག་གྱུར་དགོས་པ་སོགས་ཀྱི་ཐད། བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་བོད་མི་སྤྱི་བོ་གནམ་བསྟན་ཡོངས་ལ་བཀའ་སློབ་ལམ་སྟོན་སྤྱི་ཕེབས་བྱུང་བ་རྣམས་ཇི་ལྟ་བ་བཞིན་ས་གནས་མི་དམངས་དཀྱིལ་དུ་རྒྱལ་བའི་མཚན་དང་བཅས་ཏེ་བཀའ་སློབ་དགོངས་དོན་ཁག་དངོས་སུ་ལུང་འདྲེན་དང་ འགྲེལ་བཤད་ཡང་ཡང་བྱས་ཡོད་པ་རེད།

དེ་ཡང་ཁཱ་ཤིས་དགོན་དགེ་འཕེལ་བསམ་གཏན་གླིང་ནི་༧རྗེའི་དངོས་སློབ་ཚ་ཁོ་དཔོན་པོ་ངག་དབང་གྲགས་པས་ཕྱག་བཏབས་མཛད་པ་ཞིག་དང་། དེང་གི་རྔ་པའི་རྫོང་མཁར་ནས་ནུབ་ཕྱོགས་སུ་སྤྱི་ལེ་ ༢ ཙམ་གྱི་སར་ཡོད་འདུག

 

Back

Search site

© 2012 All rights reserved. No information or images from this website can be copied or used for any purpose without permission from "KonchoK..com

དཀོན་མཆོག་བོད་རང་བཙན་དྲ་ཚིགས།