གཞས་པ་གྲགས་ཅན་ཕེ་ཌི་དང་བོད་རང་བཙན།

06/09/2012 01:40

 

 

ཐེ་ཝན་གྱི་གཞས་པ་གྲགས་ཅན་ཕེ་ཌི་ལིམ་ལགས་ཀྱིས་གཙོས་སྙན་གྲགས་ཡོད་པའི་རོལ་དབྱངས་ཚོགས་པའི་གོ་སྒྲིག་འོག་ྋགོང་ས་མཆོག་གིས་དབུས་བོད་མི་སྟོང་ཚོ་མང་པོ་སྐྱབས་བཅོལ་ཆགས་ནས་མི་ལོ་༥༠ཧྲིལ་པོར་འཁོར་བའི་དུས་དྲན་དང་བསྟུན་ཟླ་འདིའི་ཚེས་༡༠ནས་བོད་རང་བཙན་རོལ་དབྱངས་དུས་སྟོན་བསྐོང་འཚོགས་ཞུས་ཡོད་པ་དང༌། རོལ་དབྱངས་འདུ་འཛོམས་དེར་མི་མང་སྟོང་ཚོ་མང་པོ་འདུ་འཛོམས་ཀྱིས་བོད་དོན་ཆེད་རྒྱབ་སྐྱོར་གྱི་རྣམ་པ་ཤུགས་ཆེན་བསྟན་ཡོད་པ་དང༌། སྐབས་དེར་དེ་སྔོན་རོལ་དབྱངས་ཚོགས་པ་དེའི་ཚོགས་ཁག་ཅིག་བཞུགས་སྒར་དུ་ཆེད་བཅར་གྱིས་བོད་ཀྱི་དབུ་ཁྲིད་ྋགོང་ས་མཆོག་ལ་མཇལ་འཕྲད་ཞུ་སྐབས་ཐེ་ཝན་གྱི་གཞོན་སྐྱེས་ཚོར་དམིགས་བསལ་བཀའ་སློབ་ཕེབས་པ་དེ་ཐེངས་འདིར་མི་མང་ལ་དངོས་སུ་གཟིགས་འབུལ་ཞུས་ཡོད་པ་རེད།



ཐེངས་དེའི་རོལ་དབྱངས་སྤྲོ་སྟོན་ཐོག་ཕེབས་མཁན་གྱི་ཐའེ་ཝན་གྱི་བོད་དོན་རྒྱབ་སྐྱོར་བ་སྟོང་ཕྲག་མང་པོས་ལག་ཏུ་བོད་ཀྱི་རྒྱལ་དར་བསྣམས་ཏེ་ཁ་ནས་༼བོད་རང་བཙན་ཡིན༽། ༼ྋགོང་ས་མཆོག་སྐུ་ཚེ་བརྟན་པོར་ཤོག༽ཅེས་པའི་སྐད་འབོད་ཀྱི་ཁ་གཡང་དགུང་ལ་གྱེར་ཡོད་ལ། ཐའེ་ཝན་གྱི་རང་དབང་རོལ་དབྱངས་ལྷན་ཚོགས་དང་ཐའེ་ཝན་བོད་ཀྱི་གྲོགས་པོ། ཐའེ་ཝན་སྙིང་སྟོབས་ཆིག་སྒྲིལ་ཚོགས་པ་བཅས་ཀྱི་མགྲོན་གཉེར་འོག དཔྱིད་དུས་༥༠། བོད་རང་བཙན་རོལ་དབྱངས་སྤྲོ་སྟོན་དངོས་སུ་འགོ་བརྩམས་ཡོད་ཅིང༌། རོལ་དབྱངས་སྤྲོ་སྟོན་ཐོག་རང་དབང་ལྡན་པའི་གླུ་པ་དང་ཚན་སྡེབ་བཅུ་ལྷག་གདན་འབོད་ཀྱིས་ལྟད་མོ་བ་༤༠༠༠ལྷག་གི་མིག་གི་དགའ་སྟོན་དུ་གླུ་གར་ཞབས་བྲོ་གྲངས་མེད་ཕུལ་ཡོད།


བོད་ཀྱི་ཆོས་སྲིད་གཉིས་ཀྱི་བླ་ན་མེད་པའི་དབུ་ཁྲིད་ྋགོང་ས་ཏཱ་ལའི་བླ་མ་མཆོག་གིས་ཐའེ་ཝན་གྱི་གཞོན་སྐྱེས་ཚོར་ལེགས་སྐུལ་གྱི་ལམ་སྟོན་གསུང་འཕྲིན་བསྩལ་ཡོད་དོན། ཐའེ་ཝན་གྱི་གྲགས་ལྡན་འཁྲབ་སྟོན་པ་རྣམས་ལ་ཐུག་འཕྲད་བྱུང་བར་ངོས་རང་སྤྲོ་བ་ཆེན་པོ་སྐྱེས་ཁར། བོད་མིའི་སྒེར་ལངས་ཆེན་མོ་སུམ་བཅུ་དུས་དྲན་སྲུང་བརྩི་གནང་བར་ཐུགས་རྗེ་ལེགས་འབུལ་དང༌། རོལ་དབྱངས་སྤྲོ་སྟོན་རྒྱལ་ཁའི་ངང་ལེགས་འགྲུབ་ཡོང་བའི་རེ་བ་སྨོན་ལམ་བཏབ་ཡོད། གཞན་ཡང་རང་དབང་དང༌། དམངས་གཙོ། དྲང་བདེན། ཁྲིམས་ལུགས་བཅས་ནི་འགྲོ་བ་མིའི་ཐུན་མོང་གི་ཁེ་ཕན་ཡིན་པ་མ་ཟད། འགྲོ་བ་མིའི་རིགས་ཀྱི་གཞི་རྩའི་ཐོབ་ཐང་ཡང་རེད། ཁྱོད་ཅག་གིས་རོལ་དབྱངས་སྤྲོ་སྟོན་འཚོགས་ཏེ་གོང་གསལ་གྱི་རིན་ཐང་དེ་དག་གོང་སྤེལ་གྱི་ལས་འགུལ་སྤེལ་བ་ནི་གཟི་བརྗིད་ཆེ། རང་དབང་དང༌། དམངས་གཙོ། འགྲོ་བ་མིའི་ཐོབ་ཐང་བཅས་ཀྱི་བར་འབྲེལ་འདྲིས་ཧ་ཅང་དམ་ཟབ་ཡོད་ཅིང༌། ཐའེ་ཝན་གྱི་མི་རབས་གསར་པའི་གཞོན་སྐྱེས་ཚོས་རང་དབང་དང་དྲང་བདེན། དེ་བཞིན་བཟང་སྤྱོད་བཅས་ལ་དོ་སྣང་ཤུགས་ཆེན་གནང་སྟེ་རང་དབང་ལྡན་པའི་བདེ་སྐྱིད་ཀྱི་དཔལ་ལ་རོལ་བར་ངོས་རང་ཡིད་ཆེས་བརྟན་པོ་ཡོད། དྲང་བདེན་ལ་དགའ་ཞིང༌། བྱམས་སྙིང་རྗེ་ཆེ་བ། སེམས་རྒྱུད་ཡག་པོའི་མི་དག་གིས་གཞན་ཕན་ལེགས་པོ་བསྒྲུབ་ཐུབ་ཅིང༌། ང་ཚོས་ལས་དོན་འདིའི་ཐད་རང་ནུས་ཡོད་རྒུ་འདོན་རྒྱུ་ནི་ངོས་ཀྱི་རེ་བ་ཡིན། ངོས་རང་ནི་བྱམས་བརྩེ་དང་སྙིང་རྗེ་ལ་དགའ་བའི་དགེ་སློང་དཀྱུས་མ་ཞིག་ཡིན་ལ། ང་རང་ཚོའི་མི་ཚེ་ལ་རང་དབང་དང༌། དྲང་བདེན། དམངས་གཙོའི་དཔལ་ཡོན་ལྡན་དུ་འཇུག་རྒྱུ་ནི་ངོས་སྒེར་གྱིས་འབད་པ་ཧུར་ལེན་བྱེད་བཞིན་པའི་ཕུགས་འདུན་ཡིན། ཁྱོད་རང་ཚོ་མི་རབས་གསར་པ་ཡིན་ཙང༌། འདས་མ་འོངས་ཀྱི་ལོ་རྒྱུས་དབར་འབྲེལ་མཐུད་གནང་མཁན་དེ་ཡིན་པ་མཁྱེན་རྟོགས་ཡོང་རྒྱུ་ཧ་ཅང་འགངས་གལ་ཆེ། ཞེས་བཀའ་སློབ་ཕེབས་ཡོད་པ་རེད།


ཐེངས་དེའི་རོལ་དབྱངས་སྤྲོ་སྟོན་ཐོག་རང་གཞུང་གི་ཐའེ་ཝན་སྐུ་ཚབ་ཟླ་བ་ཚེ་རིང་ལགས་དང༌། ཐའེ་ཝན་བོད་ཀྱི་གཞོན་ནུའི་ས་གནས་ཚོགས་གཙོ་བཀྲ་ཤིས་ཚེ་རིང་ལགས། དེ་མིན་ཐའེ་ཝན་གྱི་སྙིང་སྟོབས་ཆིག་སྒྲིལ་ཚོགས་པ་གསར་འཛུགས་མཁན་ཕེ་ཌི་ལིམ་སོགས་ངོ་བཅར་གནང་ཡོད་ལ། དེ་ཡང་ཕྱི་ལོ༢༠༠༨ལོའི་ཟླ༡༢པའི་ཚེས༢༩ཉིན། ཧྲན་ལིན་རོལ་གཞས་ཚན་སྡེབ་དང་གླུ་བ་ཕེ་ཌི་ལིམ་སོགས་བཞུགས་སྒར་དྷ་རམ་ས་ལར་ཕེབས་ཏེ་ྋགོང་ས་མཆོག་ལ་མཇལ་ཁ་ཞུས་ཡོད་པ་མ་ཟད། ཕྱི་ལོ༢༠༠༩ལོར་སྐོང་འཚོགས་བྱ་རྒྱུར་གཏན་འཁེལ་བའི་བོད་རང་བཙན་རོལ་དབྱངས་སྤྲོ་སྟོན་འདི་ལ་མགོན་པོ་གང་ཉིད་ཀྱིས་རྒྱབ་སྐྱོར་དང་བྱིན་རླབས་སྩོལ་རོགས་ཀྱི་ལེགས་གསོལ་ཞུས་ཡོད་པ་རེད་དོ།།


               དཀོན་མཆོག་བོད་རང་བཙན་དྲྭ་ཚིགས་ནས།།

Back

མཆན་བཀོད།

No comments found.

Search site

© 2012 All rights reserved. No information or images from this website can be copied or used for any purpose without permission from "KonchoK..com

དཀོན་མཆོག་བོད་རང་བཙན་དྲ་ཚིགས།